༢༠༡༣ ཟླ་ ༦ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཉེ་ལམ་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་མདོ་སྨད་མཚོ་སྔོན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་བིས་མདོ་ དགོན་པའི་དགེ་འདུན་པ་གཉིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་བའི་ རྒྱལ་གཅེས་པ་དབང་ཆེན་ནོར་བུ་ལགས་ཀྱི་ནང་མིར་མྱ་ངན་ཞུ་བར་བསྐྱོད་སྐབས། བིས་མདོ་དགོན་པའི་གྲྭ་བརྩོན་འགྲུས་དང་དགེ་འདུན་ཚུལ་ཁྲིམས་གཉིས་འཛིན་བཟུང་ བཀག་ཉར་བྱས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༣ ཟླ་ ༤ པའི་ཚེས་ ༡༨ ཉིན་ནང་མི་དང་ཁྲིམས་རྩོད་པ་སོགས་གང་ཡང་མེད་པར་ཁོང་གཉིས་ལ་ལོ་ ༣ རེའི་དུས་བཀག་བཙོན་འཇུག་གི་ཁྲིམས་བཅད་བཏང་འདུག
དེ་ཡང་རྒྱ་ནག་གཞུང་གིས་རང་ལོ་ ༢༧ ཙམ་ཡིན་ཞིང་། བིས་མདོ་ཞང་ཆུ་རྐྱལ་གོང་མ་སྡེ་བའི་གྲྭ་བརྩོན་འགྲུས་ལགས་སུ། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༩ ཉིན་དགོན་པའི་ནང་རྒྱལ་གཅེས་པ་དབང་ཆེན་ནོར་བུ་ལགས་ཀྱི་ཆེད་བསྔོ་སྨོན་མཆོད་ འབུལ་གོ་སྒྲིག་གནང་མཁན་དང་། ཕྱི་ཚེས་ ༢༡ ཉིན་རྫོང་གི་འགོ་ཁྲིད་དང་ལས་བྱེད། ཉེན་རྟོག་པ་བཅས་ཀྱིས་བཀག་འགོག་བྱས་ཀྱང་ས་ གནས་སུ་བསྔོ་སྨོན་གསུང་སྐབས་དབུ་མཛད་ཀྱི་འགན་འཁུར་མཁན་བཅས་ཡིན་པའི་ཉེས་མིང་ འོག་ལོ་ ༣ དུས་བཀག་བཙོན་འཇུག་ཁྲིམས་བཅད། དེ་བཞིན་བིས་མདོ་ཞང་གཤོངས་ཡུལ་སྡེ་བའི་རང་ལོ་ ༣༠ ཙམ་ཡིན་པའི་དགེ་འདུན་ཚུལ་ཁྲིམས་ལགས་སུ་སྐབས་དེར་དགེ་འདུན་ཚོ་རྐང་ཚ་ཞང་དུ་ འགྲོ་དུས་འབྲེལ་བ་བྱེད་མཁན་དང་ཞལ་འདེབས་བསྡུ་རུབ་བྱེད་མཁན། རླངས་འཁོར་གོ་སྒྲིག་བྱེད་མཁན་བཅས་ཀྱི་ཉེས་མིང་འོག་ལོ་ ༣ དུས་བཀག་བཙོན་འཇུག་ཁྲིམས་བཅད་བཅས་བཏང་ཡོད་འདུག ཉེ་ལམ་ཁོང་གཉིས་ཟི་ལིང་དུ་འཁྲིད་རྗེས་ཟླ་ ༣ རིང་དམག་སྦྱོང་བྱེད་དགོས་པ་དང་ནང་མིར་ཐུག་འཕྲད་བྱེད་མི་ཆོག་པའི་བརྡ་ལན་ སྤྲད་ཡོད་སྟབས། ད་ལྟའི་ཆར་ནང་མི་ཚོས་ཁོང་གཉིས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་ཤེས་རྟོགས་ མེད་པ་དང་། སྔ་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་མཚོ་སྔོན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་རྐང་ཚ་ཞང་དུ་རྒྱལ་གཅེས་པ་དབང་ཆེན་ ནོར་བུ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གྱི་འདས་གྲོངས་གྱུར་རྗེས། བིས་མདོ་དགོན་ཆེན་དུ་དགེ་འདུན་པ་ཚོས་མ་སྐུལ་དང་བླངས་ཐོག་མཆོད་འབུལ་སྨོན་ལམ་གསུངས་ཡོད་པ་མ་ཟད།
ཕྱི་ཚེས་ ༢༡ ཉིན་བིས་མདོ་དགོན་ཆེན་དང་དགོན་སྡེ་གཞན་གྱི་དགེ་འདུན་པ་རྣམས་ཀྱིས་གདུང་སེམས་ མཉམ་སྐྱེད་དང་ནང་མིར་མྱ་ངན་མཚོན་ཆེད་རྐང་ཚར་བསྐྱོད་ཡོད་ཀྱང་། སྐབས་དེར་རྫོང་གི་འགོ་ཁྲིད་དང་ལས་བྱེད། ཉེན་རྟོག་པ། བིས་མདོ་དགོན་ཆེན་གྱི་བླ་མ་བཅས་ཡོང་སྟེ་རྐང་ཚ་ཞང་གི་ཉེ་འདབས་གསེར་སྒའི་ཉག་ ག་ཞེས་པའི་ས་ཆར་བཀག་འགོག་བྱས་རྗེས་དགེ་འདུན་པ་ཚོས་ས་གནས་རང་དུ་བསྔོ་སྨོན་ གསུང་དགོས་བྱུང་ཡོད། ཕྱིས་སུ་རྫོང་དང་ས་གནས་ཉེན་རྟོག་པས་ས་གནས་ཀྱི་སྐྱ་སེར་མང་པོ་འཛིན་བཟུང་དང་ འདྲི་གཅོད་སུན་གཙེར་རིམ་པ་བྱས་པར་བརྟེན་དགེ་འདུན་པ་བརྩོན་འགྲུས་དང་དགེ་ འདུན་ཚུལ་ཁྲིམས་གཉིས་ཀྱིས་སྐབས་དེའི་གནས་ཚུལ་ཁག་དང་འབྲེལ་བའི་ཉེས་པ་ཆ་ཚང་ ཁས་ལེན་བྱས་ཡོད་འདུག