༢༠༡༣ ཟླ་ ༦ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ལོ་འཆར་ཅན་གྱི་ཕྱི་ཟླ་དྲུག་པའི་ཚེས་བཞི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༨༩ ལོའི་ཕྱི་ཟླ་ ༦ ཚེས་ ༤ ཉིན་རྒྱ་ནག་གཞུང་གིས་དམག་དཔུང་བཏང་ནས་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྒྱ་ནག་མི་མང་གིས་ཞི་བའི་ལམ་ནས་མང་གཙོའི་ལས་འགུལ་སྤེལ་བར་དྲག་གནོན་ཤུགས་ཆེ་བྱས་ནས་མི་ལོ་ཧྲིལ་པོ་ ༢༤ འཁོར་བའི་དུས་ཚེས་ཤིག་ཡིན་པར་བརྟེན། རྒྱ་ནག་སྐམ་ས་ཆེན་པོ་ཕུད། ཧོང་ཀོང་དང་ཐེ་ཝན་སོགས་རྒྱ་རིགས་གནས་ཡུལ་འཛམ་གླིང་ས་གནས་གང་སར་རྣམ་པ་འདྲ་མིན་གྱི་ཐོག་ནས་གལ་ཆེའི་ལོ་རྒྱུས་ཀྱི་ཉིན་མོ་འདི་དྲན་གསོ་བྱེད་ཀྱི་ཡོད།
དེ་ལྟར་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་གི་རྒྱ་གྲོང་ཕྷེ་ལ་ཤིང་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ ༢༤ འཁོར་བའི་དྲན་གསོའི་ཚོགས་འདུ་ཞིག་བསྐོང་ཚོགས་བྱས་པར། ཝེ་ཅིང་ཧྲན་དང་། ཝང་ཅུན་ཐའོ། ཧུའུ་ཕིང་སོགས་ཕྱི་ལོ་ ༡༩༨༩ ལོར་དྲུག་བཞིའི་དོན་རྐྱེན་ནང་དངོས་སུ་ཞུགས་མྱོང་ཞིང་། ཕྱིས་སུ་བཙན་བྱོལ་ལ་ཕེབས་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཁག་གཅིག་དང་། དེ་བཞིན་ཀོ་ལིམ་སྦི་ཡ་གཙུག་ལག་སློབ་གཉེར་ཁང་གི་རྒྱ་ནག་གནད་དོན་ལ་མཁས་པ་ཡིན་པ་དགེ་རྒན་ལི་ཨན་ཡིའུ་དང་། ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱང་གདན་ཞུས་གནང་ཡོད།
ཀུན་དགའ་བཀྲིས་ལགས་ཀྱིས་དྲན་གསོའི་ཚོགས་ཆེན་ཐོག་གསུང་བཤད་གནང་སྐབས། ལོ་ ༢༤ སྔོན་དུ་ང་རང་གོ་ཤེས་ཉན་ཤེས་ཐུབ་པའི་རང་ལོ་ཉེར་དྲུག་ལ་སོན་པའི་མི་ཞིག་ཡིན་ཞིང་། སྐབས་དེར་ཧུའུ་ཡའོ་པང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྱབ་སྐབས་བོད་མི་མང་ཆེ་བས་དེ་ནི་བོད་པར་མཚོན་ན་སྟབས་མི་ལེགས་པའི་གནས་ཚུལ་ཞིག་ཡིན་པར་ངོས་འཛིན་བྱེད་པ་དང་། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྒྱ་ནག་སློབ་ཕྲུག་ལ་མེ་མདའ་བརྒྱབ་སྟེ་མི་མང་གི་ཞི་བའི་མང་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པའི་གནས་ཚུལ་དེ་བཙན་བྱོལ་མིའི་སྤྱི་ཚོགས་ནང་ཁྱབ་པའི་སྐབས་བོད་མི་ཚོའི་སེམས་ནང་ཧང་སངས་པ་དང་ཡིད་སྐྱོ་བའི་ཚོར་སྣང་ཤུགས་ཆེ་བྱུང་ཡོད། སྣང་ཚུལ་དེ་ཚོའི་ཐོག་ནས་བོད་མི་ཚོས་ཧུ་ཡའོ་པང་གི་གུ་ཡངས་ཀྱི་སྲིད་བྱུས་ལ་གདེང་འཇོག་བྱས་པ་དང་། དྲུག་བཞིའི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱས་ཡོད་པ་མཚོན་གྱི་ཡོད། སོགས་གསུང་པ་དང་། ཡང་ཁོང་གིས་མཇུག་ཏུ་མི་རབས་བརྗེ་པོ་ཐེབས་བཞིན་པ་དང་། སྤྱི་ཚོགས་ལ་འགྱུར་བ་སྣ་ཚོགས་ཡོང་གི་ཡོད་ཀྱང་། བོད་ཀྱི་གཞོན་སྐྱེས་མི་རབས་ཚོས་ ༡༩༥༩ ལོའི་ཟླ་བ་ ༣ ཚེས་ ༡༠ ཉིན་བོད་ནང་བྱུང་བའི་གལ་ཆེའི་ལོ་རྒྱུས་ཀྱི་དོན་ཆེན་དེ་བརྗེད་མེད་ཅིང་། རྒྱ་ནག་གི་གཞོན་སྐྱེས་མི་རབས་ཚོས་ཀྱང་དྲུག་བཞིའི་དོན་རྐྱེན་བརྗེད་མེད་པའི་ཡིད་ཆེས་ཡོད། གོ་སྐབས་འདི་བརྒྱུད་འཛམ་གླིང་ས་གནས་གང་སར་གནས་པའི་མང་གཙོ་དོན་གཉེར་གནང་མཁན་ཚོགས་པ་ཚང་མས་ཕན་ཚུལ་སེམས་གཏིང་ནས་མཉམ་རུབ་དང་། ཐུང་མོང་གི་ནུས་པ་འདོན་སྤེལ་བྱས་ནས་རྒྱ་ནག་དམངས་གཙོར་འགྱུར་བའི་ཆེད་འབད་བརྩོན་གནང་བ་ཡིན་ན། མང་གཙོ་དོན་གཉེར་གནང་མཁན་གྱི་ཚོགས་པ་ཚང་མ་ནུས་པ་ཡོད་པ་ཞིག་དང་། ཤུགས་རྐྱེན་ཡོད་པ་ཞིག་ཡིན་པར་ཡིད་ཆེས་ཞུ་གི་ཡོད་ཅེས་གསུངས་ཡོད།
ཐེངས་འདིའི་དྲན་གསོའི་ཚོགས་འདུ་དེར་ཚོགས་པ་འདྲ་མིན་གྱི་རྒྱ་རིགས་ ༣༠༠ ཙམ་མཉམ་ཞུགས་བྱས་ཡོད་པ་དང་། དྲན་གསོའི་ཚོགས་འདུ་དེ་ནི་པེ་ཅིང་གྱི་དཔྱིད་ཀ་ཞེས་པའི་དུས་དེབ་ཁང་དང་། མང་གཙོ་དོན་གཉེར་བྱེད་མཁན་ཚོགས་པ་ཁག་གཅིག་ཐུང་མོང་ནས་གོ་སྒྲིག་བྱས་པ་ཞིག་ཡིན་ཞིང་། དེ་ཉིན་ཨ་མི་རི་ཀའི་མངའ་སྡེ་མང་པོའི་ནང་རྣམ་པ་འདྲ་མིན་གྱི་ཐོག་ནས་དྲུག་བཞིའི་དོན་རྐྱེན་བྱུང་སྟེ་ལོ་ ༢༤ འཁོར་བའི་དྲན་གསོ་བྱས་ཡོད་པ་བཅས།།