༢༠༡༣ ཟླ་ ༥ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣༠ ཉིན་ཧ་རི་སི་པོལ་ (Harris Poll) ཞེས་པའི་དྲ་ལམ་ཐོག་མང་ཚོགས་ཀྱི་བསམ་ཚུལ་འདུ་ལེན་གྱི་ལས་འཆར་ཐོག་འདི་ཟླའི་ཕྱི་ཚེས་ ༨ ནས་ ༡༥ བར་ཕ་རན་སི་དང་། དབྱིན་ཡུལ། སི་པན། ཨེ་ཊ་ལི། ཨ་མི་རི་ཀ་བཅས་ཀྱི་ནང་ལོ་བཅོ་བརྒྱད་ཡན་གྱི་མང་ཚོགས་གྲངས་ ༧༢༤༥ བསམ་ཚུལ་བསྡུ་རུབ་གནང་བའི་གྲུབ་འབྲས་སུ། ཨ་རི་དང་ཡུ་རོབ་ཡུལ་གྲུ་ཁག་ནང་༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མར། ཡེ་ཤུའི་བླ་ཆེན་པོབ་ཕ་རན་སི་སི་མཆོག་བཅས་རྣམ་པ་གསུམ་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ཀྱི་མི་སྣར་ངོས་འཛིན་ཞུས་འདུག དེ་ཡང་ཨ་རིའི་ནང་ནས་བསམ་ཤོག་བསྡུ་མཁན་མི་མང་བརྒྱ་ཆ་ ༦༤ ཡིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྙན་གྲགས་ཆེ་ཤོས་ཀྱི་མི་སྣར་ངོས་འཛིན་ཞུས་ཡོད་པ་དང་། ཡེ་ཤུའི་བླ་ཆེན་ཕ་རན་སི་སི་མཆོག་ལ་དགའ་མོས་བྱེད་མཁན་བརྒྱ་ཆ་ ༦༡ དང་སྲིད་འཛིན་ཨོ་བྷ་མ་མཆོག་ལ་དགའ་མོས་བྱེད་མཁན་བརྒྱ་ཆ་ ༥༡ ཡིན་འདུག འོན་ཀྱང་ཡུ་རོབ་ནང་སྲིད་འཛིན་ཨོ་བྷ་མ་མཆོག་ལ་དགའ་མོས་གནང་མཁན་ཧ་ཅང་མང་པོ་བྱུང་འདུག དེ་ཡང་ཨེ་ཊ་ལི་དང་ཕ་རན་སིའི་ནང་དགའ་མོས་བྱེད་མཁན་བརྒྱ་ཆ་ ༨༧ དང་སི་པན་ནང་བརྒྱ་ཆ་ ༨༠ ཇར་མན་ནང་བརྒྱ་ཆ་ ༨༣ དང་དབྱིན་ཡུལ་ནང་བརྒྱ་ཆ་ ༧༩ བཅས་ཀྱིས་སྲིད་འཛིན་ཨོ་བྷ་མར་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་འདུག
མང་ཚོགས་ཀྱི་འབྲིང་རིམ་ངོས་འཛིན་ཐོབ་པའི་རྒྱལ་ཁབ་དབུ་ཁྲིད་གཞན་ཁག་ནི་དབྱིན་ཡུལ་གྱི་སྲིད་འཛིན་ཌེ་ཝི་ཌི་ཁམ་རུན་མཆོག་དང་ཇར་མན་གྱི་སྲིད་བློན་ལྕམ་ཨན་ཁེ་ལ་མལ་ཁལ་རྣམ་གཉིས་ཡིན་པ་དང་། མང་ཚོགས་ཀྱིས་ངོས་འཛིན་ཧ་ཅང་དམའ་པོ་ཡིན་པའི་འཛམ་གླིང་དབུ་ཁྲིད་གྲས་སུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་དང་ཨུ་རུ་སུའི་སྲིད་འཛིན་པུ་ཀྲིན། ཨེ་རན་གྱི་སྲིད་འཛིན་ཨ་མུ་ཎེ་རྫ་དང་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨུན་བཅས་ཡིན་འདུག