༢༠༡༣ ཟླ་ ༥ ཚེས་ ༣༠ རེས་གཟའ་ཕུར་བུ།
འདོན་སྤེལ། ༢༠༡༡ རྣམ་སྤེལ་ཚང་བློ་བཟང་སྦྱིན་པ།
༄༅། །ཕྱི་ལོ་ ༢༠༡༠ ལོར་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་གི་ལས་བྱེད་ལིའུ་པིང་ཟེར་བའི་མིང་ཐོག་ནས་འདོན་སྤེལ་བྱས་པའི། དུས་སྐབས་གསར་པའི་བོད་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་ལ་བསམ་གཞིགས། ཞེས་པའི་ཆེད་རྩོམ་ཀྲུང་གོའི་བོད་རིག་པ་དུས་དེབ་ནང་འདོན་སྤེལ་བྱས་ཡོད་པར། བོད་ནང་གི་དགོན་སྡེ་ཁག་ནང་དམངས་གཙོ་དོ་དམ་ཨུ་ལྷན་གྱི་འགོ་ཁྲིད་ཚན་པ་འཛུགས་སྐྲུན་ལས་དོན་གྱི་སློབ་སྟོན་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རྒྱལ་གཅེས་ཆོས་གཅེས་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་བརྗོད་པ་ལྟར་དེ་རྗེས་རྒྱ་གཞུང་གིས་རིམ་པས་ཛ་དྲག་ངང་ལག་བསྟར་བྱས་ཡོད་པ། དེ་བས་ཏཱ་ལའི་རུ་ཚོགས་ཀྱི་ཕྱི་རྒྱལ་གྱི་སྤྱི་ཚོགས་ཀྱི་རྨང་གཞི་ཇེ་ཞན་དུ་གཏོང་དགོས། འགལ་ཟླ་བེད་སྤྱོད་བྱས་ཏེ་ནང་དཀྲུག་ཁ་གཏོར་བྱེད་པའི་རྩ་དོན་དེ་ཕྱི་སྡོད་བོད་རིགས་སྤུན་ཟླའི་ལས་དོན་གྱི་རིམ་པ་ཁག་གི་ནང་དུ་ཁྱབ་དགོས། ཏཱ་ལའི་རུ་ཚོགས་དང་འགལ་ཟླ་ཡོད་པའི་སྒྲིག་འཛུགས་དང་མཐོ་རིམ་མི་སྣར་འབྲེལ་བ་བྱེད་དགོས་ཤིང་། སྟབས་བསྟུན་གྱིས་ལས་དོན་སྤེལ་དགོས་པ། ཞེས་སོགས་རྒྱ་ནག་གཞུང་ཕྱོགས་ནས་༸གོང་ས་མཆོག་གི་མཛད་འཕྲིན་རྒྱས་བཞིན་པར་མི་འདོད་པ་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཞི་བདེ་སྲ་བརྟན་ཡོད་པར་མི་བཟོད་པས་བཙན་བྱོལ་སྤྱི་ཚོགས་ཁྲོད་མི་སྣ་འདྲ་མིན་བེད་སྤྱོད་ཀྱིས་ནང་དཀྲུག་དང་དངུལ་དངོས་ཀྱི་བསླུ་བྲིད་བྱས་ཏེ་མངོན་གསུམ་འཛེམས་མེད་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་གཏོར་བཤིག་གཏོང་རྒྱུའི་བྱ་ངན་སྤེལ་དང་སྤེལ་མུས་ལ་སོང་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༥ ཉིན་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་གིས་ཉེན་བརྡའི་ཆེད་རྩོམ་སྤེལ་བ་དེ་འདི་གའི་བརྒྱུད་ལམ་ཐོག་པར་བསྐྲུན་བྱ་འཐུས་ཆོག་པའི་བཀའ་འཁྲོལ་ཐོབ་པ་བཞིན་རྒྱ་ཆེའི་བོད་རིགས་མང་ཚོགས་རྣམས་ཀྱི་མཁྱེན་རྟོགས་དང་གཟབ་ནན་གནང་སླད་འདོན་སྤེལ་ཞུས་ཡོད།
ཉེན་བརྡ།
༄༅། །རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཕྱི་ལོ་ ༢༠༡༠ ལོའི་ཀྲུང་གོའི་བོད་རིག་པའི་དུས་དེབ་འདོན་ཐེངས་གཉིས་པ་ཉེ་དུས་ལག་སོན་བྱུང་བའི་ནང་”དུས་སྐབས་གསར་པའི་བོད་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་ལ་བསམ་གཞིགས་”ཞེས་པའི་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་ཤོག་གྲངས་ ༨ ཡོད་པའི་ནང་”ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ནི་ཆོས་ལུགས་ཀྱི་མི་སྣ་དང། ཆབ་སྲིད་མི་སྣ་མཉམ་བསྲེས་ཀྱི་རྙོག་འཛིང་གི་གཅིག་འདུས་ཕུང་པོ་ཞིག་ཡིན་པ་དང་” ”ཏཱ་ལའི་རུ་ཚོགས་ཀྱི་ཕྱི་རྒྱལ་སྤྱི་ཚོགས་ཀྱི་རྨང་གཞི་ཇེ་ཞན་དུ་གཏོང་དགོས་པ་” “ཏཱ་ལའི་རུ་ཚོགས་དང་འགྲན་རྒོལ་བྱེད་ཐུབ་པའི་ཕྱི་སྡོད་བོད་རིགས་སྤུན་ཟླའི་སྟོབས་ཤུགས་གསོ་སྐྱོང་བྱེད་དགོས་“ “ཏཱ་ལའི་ཉེ་འཁོར་དུ་བསྡད་ཡོད་པ་ཚུད་པའི་བར་གནས་ཀྱི་ལངས་ཕྱོགས་འཛིན་མཁན་གྱི་བོད་རིགས་སྤུན་ཟླ་ལ། གལ་སྲིད་ཀླད་རྙིང་མཁྲེགས་བཟུང་བྱེད་མཁན་མིན་ཚེ། ང་ཚོས་ཧུར་བརྩོན་གྱིས་ཚུར་འགུག་གི་བྱ་བ་སྒྲུབ་དགོས་པ་“ “ཏཱ་ལའི་ཡི་མཁྲེགས་བཟུང་ཁ་བྲལ་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་བོད་རིགས་སྤུན་ཟླ་ལ། དུས་ཐོག་རྗེས་འདེད་བྱས་ཏེ། ཁོང་ཚོའི་འགུལ་ཕྱོགས་རྒྱུས་ལོན་བྱེད་དགོས་པ་དང།
གོ་སྐབས་འཚམས་དུས་སེམས་ཐག་གཙང་བཅད་ཀྱིས་རྡུང་རྡེག་གཏོང་དགོས་“ “ཕྱི་སྡོད་བོད་རིགས་སྤུན་ཟླ་མེས་རྒྱལ་ལ་སེམས་ཕྱོགས་ལ་འགུག་ཐབས་བྱེད་དགོས་པ་“ “དུས་རབས་ ༢༠ ལོ་རབས་ ༨༠ ནས་བཟུང་རྒྱལ་ཁབ་ནས་ཕྱིར་སོང་སྟེ་ཕྱི་རྒྱལ་དུ་གནས་སྡོད་བྱས་ཡོད་པའི་བོད་རིགས་སྤུན་ཟླའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང། ཁོང་ཚོ་དང་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་“ “ཕྱི་སྡོད་བོད་རིགས་ཀྱི་མི་རབས་གཉིས་པ་དང་གསུམ་པའི་འབྲེལ་གཏུག་གི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང། གྲོགས་པོ་གསར་པ་གཏིང་ཟབ་དང། གང་མང་འགྲིགས་དགོས་པ་“ “ཐོག་མཐའ་བར་གསུམ་དུ་དབྱེ་བ་ཡོད་པའི་སྤྱོད་ཚུལ་འཛིན་པ་དང། འགལ་ཟླ་བེད་སྤྱོད་བྱེད་པ། ནང་དཀྲུག་ཁ་གཏོར་བྱེད་པའི་རྩ་དོན་དེ་ཕྱི་སྡོད་བོད་རིགས་སྤུན་ཟླའི་ལས་དོན་གྱི་རིམ་པ་ཁག་གི་ནང་ཁྱབ་དགོས་“ སོགས་མངོན་གསུམ་འཛེམས་མེད་དུ་ང་ཚོའི་སྤྱི་ཚོགས་རྩ་འཐོར་འགྲོ་གཞིའི་བྱེད་སྒོ་བཀོད་ཐོན་བྱུང་འདུག་པ་འདི་ལ་དགོངས་པ་ཟབ་བཞེས་གནང་དང།
སྤྱིར་བཏང་འཛམ་གླིང་འདིའི་སྟེང་རྒྱ་ནག་ལ་རྒྱུས་ཡོད་ཆེ་ཤོས་བོད་མི་རེད། སྔར་ཆོས་རྒྱལ་ཚོའི་སྐུ་དུས་ནས་བཟུང་ལོ་བརྒྱ་ཕྲག་མང་པོའི་རིང་ཁྱིམ་མཚེས་རྒྱ་ནག་གི་གཞུང་རིམ་པ་དང་སྔ་རྗེས་སུ་དམག་འཁྲུག་མང་པོ་བྱུང་སྟེ་རྒྱལ་ཕམ་སྣ་ཚོགས་བྱུང་ཡོད། ལྷག་དོན་དུ་རྒྱ་དམར་གུང་ཁྲན་རྒྱུས་མངའ་ཆེས་ཤོས་ད་ལྟའི་བོད་ཀྱི་མི་ཐོག་འདི་ཡིན། རྒྱ་དམར་གུང་ཁྲན་གྱིས་བོད་མི་བསད་བཟུང་བཙོན་འཇུག་དང། རྡུང་རྡེག་མནར་གཅོད་བཏང་བ། འཕྲོག་བཅོམ་བསྲེག་གཏོར་བྱས་པའི་གནས་ཚུལ་དེ་འདྲ་ནི་སྔར་སྲིད་པ་ཆགས་པ་ནས་བཟུང་སའི་གོ་ལ་འདིའི་ཐོག་བྱུང་མྱོང་མེད་པའི་གནས་ཤིག་ཡིན།
རང་ཅག་བོད་མི་བཙན་བྱོལ་བ་རྣམས་ལ་རང་དབང་ཡོད་ཀྱང། གནས་ས་གཞན་ཡུལ་རེད། གཞིས་ལུས་བོད་མི་རྣམས་རང་ཡུལ་དུ་གནས་ཡོད་རུང། རང་དབང་གཞན་ལག་ཏུ་ཤོར་ཡོད། གཞན་ཡུལ་ཇི་ལྟར་སྐྱིད་ཀྱང་རང་ཡུལ་མིན། མིང་ལ་བོད་མི་སྐྱབས་བཅོལ་བའམ། བཙན་བྱོལ་བ་ཞེས་ཐོགས་པ་འདི་ཆབ་སྲིད་ཀྱི་བཙན་བྱོལ་བ་ཡིན་པས། རང་མི་རིགས་ལ་བརྩེ་ཞེན་དང། རང་ཡུལ་ལ་ཤ་ཚ། བོད་སྤྱི་དོན་ལ་ལྷག་བསམ་དང། སེམས་འཁུར་ཡོད་དགོས། དེ་ལྟར་མེད་ན། བཙན་བྱོལ་དུ་ཡོང་བའི་མི་གོ་མ་ཆོད་པ་རེད།
རང་ཅག་བོད་མི་རིགས་རྣམས་དཀའ་སྡུག་ལ་བཟོད་བསྲན་དང་རྒྱུད་དྲང་པོ། དགོས་སར་དཔའ་ངར་ཆེ་བ། ཛ་དྲག་གི་གནས་ཚུལ་བྱུང་སྐབས་རྡོག་བསྒྲིལ་པོ་དང། དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་མཁན་བཅས་ཀྱི་མི་རིགས་ཤིག་ཡིན། ཡང་ཞན་ཆ་ནི། རྗེས་ཡོང་སྔོན་དྲན་གྱི་གྲ་སྒྲིག་མི་བྱེད་པར་དལ་དལ་ལྷོད་ལྷོད་དང། སྣང་བ་སྐྱིད་པོ། སྤྱི་དོན་ཞོར་ལས་དང། རང་དོན་གཙིགས་ཆེར་བཟུང་བ། སྐྱབས་བཅོལ་བའི་གནས་སྟབས་ངོས་མ་ཟིན་པར། རང་ཡུལ་རང་ལག་ཏུ་ཡོད་འདྲའི་སྣང་བ་དག་ནས་ཁ་ནས་གང་ཐོན་ཤོད་པ་དང་རྒྱས་སྤྲོས་བྱེད་པ་དེ་རིགས་ནི་སྐྱོན་ཆ་ཆེན་པོ་ཡིན།
སྐབས་འདིར་རང་རིགས་རྒན་གྲས་རྣམས་ལ་དྲན་གསོ་ཞུ་བ་དང་སྦྲགས་གཞོན་པ་རྣམས་ལ་ངོ་སྤྲོད་ཞུ་དགོས་པ་ཞིག་ལ། དེ་སྔ་རྒྱ་གར་དབྱིན་གཞུང་གིས་བོད་དབུས་ཁུལ་བཙན་འཛུལ་བྱས་རྗེས་དབྱིན་བོད་གཞུང་གཉིས་དབར་བཀའ་གྲོས་གནང་བ་གཞི་བཟུང་དབྱིན་ཇིས་བོད་མིའི་ཐོག་གཏོར་བཅོམ་བྱས་པའི་གུན་གསབ་ཡག་པོ་སྤྲད་ཙང། ལྷ་སའི་སྨོན་ལམ་གྱི་ཆུ་ལེན་མཁན་བུ་མོ་ཚོས་ཟུར་ཟའི་ཚུལ་དུ། དང་པོ་བསྟན་དགྲ་ཟེར་གྱིས། གཉིས་ལ་ཕྱི་གླིང་ཟེར་གྱིས། རྒྱ་གར་སྒོར་མོ་སྤྲོད་དུས། སྐུ་ཞབས་ས་ཧིབ་ཟེར་གྱིས། ཞེས་དང་པོ་བསྟན་དགྲ་ཟེར་ས་དེས་སྤྲད་པའི་དངུལ་ལག་པར་རག་དུས་དགྲ་ཟླའི་འདུ་ཤེས་ཡལ་ཏེ་དགའ་པོའི་རྣམ་འགྱུར་གྱིས་ “ས་ཧིབ་“(སྐུ་ངོ་) ཞེས་དངུལ་དངོས་ཀྱིས་བསམ་བློ་ཁ་ལོ་བསྒྱུར་བ་འདི་མགོ་སླ་བའི་སྐྱོན་ཆ་ཡིན།
དེ་བཞིན་རྒྱ་དམར་གྱིས་ཐོག་མར་བོད་སྨད་ཕྱོགས་ནས་བཙན་འཛུལ་བྱེད་སྐབས་དཔལ་འབྱོར་བསླུ་བྲིད་ཀྱི་སྲིད་བྱུས་ངན་པ་ཞིག་ལག་ལེན་བསྟར་ཏེ་ཉོ་ཚོང་དྲང་གཞག་བྱེད་ཁུལ་དང། རྟ་ཁལ་འུ་ལག་སོགས་ལ་གླ་རྔན་ཕངས་མེད་སྤྲད་སྟབས། རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད། དངུལ་དཱ་ཡན་ཆར་པ་འབབ་འབབ་རེད། ཅེས་པའི་གནས་ཚུལ་བྱུང་ཡོད། རྗེས་སུ་ང་ཚོ་མཐོ་དམར་སེར་སྐྱ་དྲག་ཞན་མེད་པ་གོས་ལུས་ལ་གང་འབྱར་དང། ཁ་ཕོར་ཙམ་ཡང་འཁྱེར་རྒྱུ་མ་རག་པ། སྒོ་རྒྱབ་ཀྱི་ཕྱག་མ་ཡན་བཙན་འཕྲོག་བྱས་ཡོད་པ་མཁྱེན་གསལ་ཡིན། དེ་ལྟར་ཕར་ཕྱོགས་ཀྱི་སྔ་ཕྱིའི་ལས་སྟངས་ལ་གཞིགས་ཏེ་སྒེར་རྒྱགས་ན། སྤྱི་ལྟོགས་པར་ལུས་ཀྱང་ཇི་མི་ཉམ་པའི་རྗེས་ལུས་ཀྱི་བསམ་སྤྱོད་དེ་ཡོངས་སུ་དོར་ནས། སྐེད་རག་བསྡམས་སྐྱོར་རྒྱག་དགོས་པའི་དུས་ལ་སླེབས་འདུག
མའོ་ཙེ་ཏུང་གིས། དགྲ་ལ་ཡང། དགྲ་ངོ་མ་དང་དགྲ་ཕལ་པ་གཉིས་ལ་དབྱེ་བ་ཕྱེ་དགོས། ཁ་གཏད་ཀྱི་དགྲ་བོ་ནང་ཁུལ་ལའང་འགལ་ཟླ་བཟོས་པའི་རྗེས། གནས་སྐབས་ཕྱོགས་གཅིག་གི་རྒྱབ་རྩ་ལངས་ཏེ་བེད་སྤྱོད་གང་ཐུབ་བྱས་ཏེ་ཁེ་བཟང་ཟ་གང་ཐུབ་ཟ་དགོས་ཞེས་བཤད་པ་ལྟར། སྔ་ས་ནས་བོད་ས་ཟ་སེམས་ཀྱི་དམིགས་ཡུལ་བཟུང་སྟེ་བྱེད་ཕྱོགས་འཆར་གཞི་བང་སྒྲིག་པའི་སྐབས། ཐོག་མར་ང་ཚོ་བོད་མི་ནང་ཁུལ་ཁ་བྲལ་དུམ་བུར་བགོས་ཏེ་ཤོག་ཁག་བཟོ་རྒྱུར་འབད་བརྩོན་བྱས་ཡོད། དཔེར་ན། གཞུང་ཞབས་ཁག་ཅིག་ལ་གྲོགས་པོའི་མིང་བཏགས་ཏེ་བསླུ་བྲིད་བྱེད་པ་དང། ཁག་གཅིག་ལ་དགྲ་བོའི་མིང་བཏགས་ཏེ་གཞུང་ཞབས་ནང་ཁུལ་འགལ་བ་བཟོས་པ་དང། ༸རྒྱལ་མཆོག་སྐུ་གོང་མའི་སྐུ་དུས་ནས་བཟུང། ༸རྒྱལ་དབང་དང་པཎ་ཆེན་དབར་འགལ་བ་བཟོས་རྗེས། བོད་གཞུང་དང་བཀྲིས་ལྷུན་པོའི་བླ་བྲང་དབར་རང་བཞིན་ནང་འགལ་བྱུང་བ་དང། དེས་རྐྱེན་པས་དབུས་དང་གཙང་གི་མི་དམངས་དབར་དབྱེན་སྦྱོར་དཀྲུགས་ཤིང་བསླང་པ་དང། གྲོང་དྲག་གི་བུ་ཕྲུག་བསམ་མེད་ཆབ་སྲིད་ཀྱི་རྨོངས་གཉིད་མ་སད་པ་ཇི་སྙེད་བསྡུ་བསྐོངས་ཀྱིས་ཁོང་ཚོར་ཡར་ཐོན་གཞོན་ནུ་ཞེས་པའི་མིང་བཏགས། དཔོན་དང་དཔོན་དབར་འགལ་བ་བཟོས་ཏེ་འཁྲུག་རྩོད་བསླངས། ཞིང་འབྲོག་མང་ཚོགས་ལ་རྒྱ་མི་བོད་དུ་ཡོང་དོན་ནི། བོད་མི་མང་ལ་བདེ་སྐྱིད་ཀྱི་འཚོ་བ་འཐོབ་པའི་ཞབས་ཕྱིར་བཅར་བ་ཡིན། རིམ་པས་བོད་མི་ཚོ་རང་འགོ་ཐོན་ན། ང་ཚོ་སྡོད་རོགས་ཟེར་ཡང་སྡོད་ཀྱི་མ་རེད། ཅེས་བཤད་དེ་དོན་དུ་གཞུང་དང་འབངས་དབར་དང། བླ་མ་དང་སློབ་མའི་དབར། ཆོལ་ཁ་དང་ལུང་ཚན་དབར། ཆོས་བརྒྱུད་གྲུབ་མཐའ་ནང་ཕན་ཚུན་བཅས་པ་ནང་འགལ་བཟོས་ཏེ་བོད་སྤྱིའི་ནུས་པ་ཁ་བྲལ་དུམ་བུར་བཏང་རྐྱེན་ད་ལྟའི་གནས་སྟངས་འདི་བྱུང་བ་རེད། ང་ཚོ་ནང་ཁུལ་འདོད་ཕྱོགས་དགག་བཞག་བྱེད་པ་ལ་ནམ་ལངས་པ་ལྟ་བུ་དང། རྒྱ་དམར་ལ་ཐུག་དུས་ས་རུབ་པ་ལྟར་གྱུར་པ་དེ་ཚོ་ངོ་ཚ་པོ་དང་བློ་ཕམ་པོ་རེད། ད་དུང་ཡང་ཕ་རོལ་པོ་སྣང་མེད་དུ་བཞག་ནས། ནང་ཁུལ་གྱི་གནས་རྙོག་ཐོག་ཧ་ལས་མདོག་གིས་མགོ་བོ་འཐོམ་དྲགས་ན་ཐ་མ་གྱོང་རག་རྒྱུ་ལས་མེད།
ང་ཚོས་དགོངས་པ་ཟབ་བཞེས་དགོས་པ་ཞིག་ལ། རྒྱ་ཕྱོགས་ནས་བོད་སྤྱི་དོན་ཐོག་ལྷག་བསམ་དང་སེམས་ཤུགས་ཡོད་ལ། ཁ་བཤད་རྐྱང་པ་མ་ཡིན་པར་ལག་ལེན་ཐོག་བོད་སྤྱི་དོན་ལ་དོ་སྣང་དང་སེམས་ཁུར་ཡོད་མཁན། གཞི་རྩའི་ལངས་ཕྱོགས་བརྟན་པོ། དྲང་བདེན་གཞུང་སེམས་དག་པོ་ཡོད་པ་དེ་འདྲར། ཕ་རོལ་པོས་གསོ་སྐྱོང་བྱས་པའི་རྒྱུགས་ཁྱི་དེ་འདྲས་གཟུགས་མེད་གྲིབ་བཟོ་དང། མ་ཉེས་ཁ་གཡོགས་བཟོ་རྒྱུ་དེ་རིགས་ལ་ཚང་མས་བརྟག་དཔྱད་དྭོགས་ཟོན་མ་བྱས་པར་གསེར་ལ་རག་གན་ཡིན་ཤག་དང། ངོ་མ་ལ་ངོ་འདྲ་ཡིན་ཤག་རྩིས་པ་དེ་དག་ནི་ཕ་རོལ་པོའི་བསམ་དོན་སྒྲུབ་པར་དཔུང་རོགས་རྒྱབ་སྐྱོར་གྱི་ཚུལ་དུ་བྱུང་བ་རེད། དེ་ལྟར་ང་ཚོར་སྣ་ཟུར་ཐེབས་རྒྱུ་ཡོད་ན། ད་ཚོད་ཐེབས་དགོས་ཚོད་ཡིན།
བོད་མིའི་བསམ་ཕྱོགས་གཅིག་གྱུར་གྱི་ནུས་པ་འཐོར་ན། ང་ཚོའི་སྤྱི་ཚོགས་ནང་ལག་རྩེད་ཅི་དགར་བྱེད་པའི་གོ་སྐབས་སུ་དམིགས་ཏེ། ཕྱི་ལོ་ ༡༩༩༣ ལོའི་ཕྱི་ཟླ་ལྔ་པའི་ནང་ཟི་ཁྲོན་དུ་མྱོང་རྒྱུས་ཡོད་པའི་མི་སྣ་ཆེད་བསྐོང་གིས་གསང་བའི་ཚོགས་འདུ་ཞིག་གི་ནང། བོད་མིའི་འཐབ་རྩོད་འདི་ལ་སྲིད་བྱུས་གཉིས་ཀྱི་ཐོག་ནས་འགོག་གནོན་བྱ་དགོས་པ་དང། དེ་ཡང་བོད་ནང་རྒྱ་མི་སྔར་བས་མང་དུ་གནས་སྤོས་བྱས་ཏེ་མི་འབོར་གྱི་ཐོག་ནས་བོད་མིའི་སྒེར་ལངས་མེད་པ་བཟོ་ཐབས་དང། ཆོས་ལུགས་ཀྱི་སྒྲིག་འཛུགས་ཁག་ནང་འཛུལ་ཞུགས་ཀྱིས་ཐེ་བྱུས་བྱེད་རྒྱུ། བོད་མིའི་ལས་འགུལ་ཁ་བྲལ་གཏོང་རྒྱུ་སོགས་གཏན་འབེབས་བྱས་ཡོད། རྒྱ་མཚོ་བཏུང་ནས་མི་ངོམས། རི་བོ་བཟོས་ནས་མི་འགྲངས་པའི་རྒྱ་དམར་གཞུང་གིས་བོད་དོན་ནུས་མེད་རང་ཤི་འགྲོ་ཐབས་ཀྱི་ངན་སེམས་བཅང་པ་ཞིག་ཡིན་པ་གསལ་པོ་རེད། ང་ཚོའི་སྤྱི་ཚོགས་ནང་ཕ་རོལ་པོའི་དམིགས་ཡུལ་སྒྲུབ་མཁན་དེ་རྣ་ལེབ་ལེབ་དང། གཟུགས་བགྲད་བགྲད། ཤ་མདོག་དཀར་པོ། ཁ་ནས་རྒྱ་སྐད་བརྒྱབ། ལུས་ལ་རྒྱ་ཆས་གྱོན་པ་དེ་འདྲ་ཕལ་ཆེར་ཡོང་གི་མ་རེད། བྱ་མ་འདྲོགས་སྒོ་ང་ལེན་ཐབས་ཀྱི་དཔེ་བཞིན་བོད་རིགས་ཀླད་མེད་ཐ་ཤལ་དེ་འདྲ་བེད་སྤྱོད་ཀྱིས་ཤ་ཚ་མདོག་དང། སྙིང་ཉེ་མདོག་བྱས་ཏེ་མིག་ལ་བུ་རམ་བསྟན་ནས་ཁ་ལ་ལ་ཆ་སྟེར་མཁན་དེ་འདྲ་ཡོང་རྒྱུ་ངེས་པ་རེད།
དཔེ་མཚོན་ཞིག་ཞུས་ན། རྒྱ་དམར་གྱིས་བོད་ཀྱི་བོད་སྟོད་སྨད་ཀྱི་ས་ཁུལ་ཁག་ལ་བཙན་འཛུལ་ཐོག་མར་བྱས་པའི་སྐབས་མདོ་སྤྱི་ལྷ་ཀླུ་རེད། ལྷ་ཀླུས་ང་རང་ཚོའི་གནས་སྟངས་ལ་གཞིགས་པའི་རྒྱ་དམར་ལ་ཕར་རྒོལ་གྱི་གདོང་ལེན་གང་ཐུབ་གནང་ཡོད་ལ། མུ་མཐུད་ཕོ་ཟད་མོ་ལ་མ་ཐུག་གི་བར་གང་ཐུབ་ཀྱི་ཁ་གཏད་བྱེད་རྒྱུའི་ནང་དོན་འཆར་གཞི་སྒྲིག་ཡོད་ཚོད་འདུག དེས་རྐྱེན་པས་སྐབས་དེར་རྒྱ་ཕྱོགས་ཀྱི་མཐོ་རིམ་མི་སྣའི་ཁོངས་ནས་ཁོང་ལ་རང་བཞིན་དོ་སྣང་བྱེད་ཡུལ་ཞིག་ཆགས་པར་བརྟེན། བཀའ་ཤག་ནང་ཁུལ་གྱི་གནས་ཚུལ་ལྷ་ཀླུ་བརྒྱུད་ནས་ཤེས་རྟོགས་ཡོང་གི་ཡོད་མདོག་གི་གནས་ཚུལ་མངོན་ཆུང་སྤྱི་ཚོགས་ནང་བཀྲམ་པའི་རྐྱེན་གྱིས་རང་ཕྱོགས་ནས་རང་བཞིན་ཁོང་ལ་དྭོགས་གཞིའི་རྣམ་པས་མཐོང་ཕྱོགས་བྱ་ཡུལ་ཞིག་ཏུ་གྱུར་འདུག འོན་ཀྱང་བོད་ཤོར་བའི་རྗེས་ལྷ་ཀླུས་རྐང་རྗེས་ལག་བསུབ་ཞབས་འདྲེན་ཞུས་གནས་ཀྱང་གོ་རྒྱུ་འདུག དེ་བཞིན་ཕ་རོལ་པོའི་ཕྱོགས་ནས་ང་ཚོའི་ལས་འཆར་དང་གོང་བུའི་ནུས་པ་གཅོག་ཐབས་སུ་ཐབས་ཤེས་གང་ཡང་བྱེད་སྲིད་པ་རེད། དཔེར་ན།
དེ་སྔ་བོད་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླང་དམག་གིས་རྒྱ་དམར་ལ་རྒོལ་འཛིངས་ཀྱི་ནུས་པ་རྒྱས་པའི་སྐབས། དེའི་ནུས་པ་གཅོག་པ་དང་ཆབས་ཅིག་མིང་ཆད་བཟོ་ཐབས་སུ་དམིགས་ཏེ་བོད་མི་རིགས་ཀྱི་རྐང་འདྲེན་པ་དེ་འདྲའི་མཉམ་དུ་རྒྱ་དམག་ལ་བོད་ཆས་གཡོགས་ཏེ་དང་དམག་ཏུ་བརྫུས་ནས་གྲོང་གསེབ་ཁག་འགར་བརྡབ་གསིག་བཏང་སྟེ་ནང་ཁུལ་ནས་མཐོང་ཕྱོགས་བཟོས་པ་དུས་དེང་སང་ཡང་རེ་ཟུང་གིས་ལུང་འདྲེན་གྱིས་འགོ་མ་ཚོད་གླེང་རྒྱུ་ཡོད་པ་དེ་རེད། དེ་ལྟར་མིག་གི་མདུན་དུ་མཐོང་བ་དེ་རང་ཡིན་པ་ངེས་པ་མེད། ཡོལ་བའི་རྒྱབ་ལ་བཀོད་བྱུས་བྱེད་མཁན་དུ་ཡོད་བརྟག་དགོས།
བར་ལམ་རྒྱ་དམར་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང། དམག་མིའི་གསང་ལས་ཚན་པས་བཙན་བྱོལ་ནང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་མི་སྣའི་ཁོངས་མགོ་སླ་བའི་རིགས་དང། དངུལ་དངོས་ལ་དགའ་པོ། ལྷག་པར་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ལྟ་ཚུལ་ཡག་པོ་མེད་མཁན་བཅས་པར་འབྲེལ་གཏུགས་ཀྱིས་མཐུན་རྐྱེན་སྦྱར་ཏེ་ཁོ་རང་ཚོའི་དམིགས་ཡུལ་ངོ་མ་བོད་མིའི་གོང་བུའི་ནུས་པ་གཅོག་ཐབས་སུ་བེད་སྤྱོད་ལོག་པ་གཏོང་རྒྱུའི་ཐབས་ཤེས་གང་ཡོང་བྱེད་མུས་ལ་བརྟག་དཔྱད་ནན་པོ་གནང་ན། སྒོག་པ་ལྐོག་ཏུ་ཟས་ཀྱང། སྒོག་དྲི་ངོས་ལ་ཁ་པ་ཇི་བཞིན་ཧ་མི་གོ་བ་ག་ལ་ཡོད། དེ་མཚུངས་ཕྱི་རྒྱལ་ཡུལ་ཁག་ནང་ཡོད་པའི་རང་རིགས་ཁོངས་ནས་རང་དབང་དཔྱ་ཁྲལ་བསྡུ་འབུལ་བྱེད་མཁན་རིགས་ལ་རྒྱ་ཕྱོགས་ནས་བོད་དུ་གཉེན་འཕྲད་འགྲོ་རྒྱུའི་མཐོང་མཆན་ལག་འཁྱེར་མི་སྤྲོད་པའི་བྱ་ཐབས་ངན་པ་ཞིག་བཟུང་ཡོད་སྟབས། སྤྱི་ལས་སྒེར་གཙོ་ཆེ་བ་བྱེད་མཁན་སྐབས་འཚོལ་བ་ཁག་གཅིག་གིས་དཔྱ་ཁྲལ་བསྡུ་འབུལ་ཞུ་གི་མེད། དཔྱ་ཁྲལ་འབུལ་དང་མི་འབུལ་གྱི་དབྱེ་འབྱེད་བྱེད་པ་ནང་གཏམ་ཕྱི་ལ་སྐྱེལ་མཁན་མེད་ན་ཕྱི་མིས་ནང་རྒྱུས་ག་ལ་ཤེས། དེ་ལྟར་ཤ་ཟ་དུས་ཧབ་ཐོབ་བརྒྱབ། ཤ་རིན་བསྡུ་དུས་གདོང་གཤིས་ལོག་པ་ཇི་བཞིན་བོད་མི་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པ་གང་ཞིག་ལ། བོད་མི་སྤྱི་མཚུངས་ཀྱི་ལས་འགན་མི་འཁུར་མཁན་ཁག་གཅིག་གིས་ཁ་ནས་མང་གཙོ་དང་སྨྲ་བརྗོད་རང་དབང་བཤད་དེ་དོན་དུ་དེ་དག་དགྲ་དགའ་གཉེན་སྡུག་གི་ལས་སུ་བེད་སྤྱོད་གཏོང་བ་ངོ་མི་ཚའམ།
ཡོང་རྒྱུ་བསྡད་པ་མ་འོངས་པའི་གནས་ཚུལ་ཞུ་ཚོད་ཁག་ཀྱང། ད་ལྟའི་གནས་སྐབས་སུ་རྒྱ་གཞུང་ང་ཚོའི་ཁ་གཏད་རེད། ང་རང་ཚོས་ང་ཚོའི་སྤྱི་ཚོགས་ནང་རྒྱ་གཞུང་གི་ལས་འགན་སྒྲུབ་མཁན་ཡོད་པ་རང་ངོས་འཛིན་བྱེད་རྒྱུ་རེད། རྒྱ་གཞུང་གི་ལས་འགན་སྒྲུབ་མཁན་མེད་ཤག་རྩིས་ན་ནོར་བ་རེད། ང་རྒྱ་གཞུང་གིས་མངགས་གཏོང་བྱས་པ་ཞིག་ཡིན་ཟེར་མཁན་ནམ་ཡང་མི་ཡོང། སྐྱ་སེར་རྒན་གཞོན་ཕོ་མོ། ལས་ཀ་ཡོད་པ་དང་བར་འཁྱམ་ལ་ཡོད་པ་གང་གི་ནང་དུའང་ཕ་རོལ་པོའི་ལས་འགན་སྒྲུབ་མཁན་ཡོང་སྲིད་པ་རེད། འདི་རིགས་ཀྱིས་ཡར་ལྷ་གྲལ་ལ་ཚོགས། མར་འདྲེ་གྲལ་ལ་ཚོགས། ར་ཐུག་དུས་སྨའི། ལུག་ཐུག་དུས་སྦའི་ཟེར་ནས། དོན་ངོ་མར་ཐུག་དུས་ལྷ་མདུན་ལ་བཞག་ནས། ཕྱག་རྒྱབ་ལ་འཚལ་ཏེ་ངོ་ལྐོག་རྒྱབ་མདུན་གྱི་བྱ་ལས་བྱེད་ཉེན་ཡོད་པས་རྒྱུན་གཏན་ནས་དོ་སྣང་དང་བརྟག་དཔྱད་ནན་པོ་བྱེད་དགོས།
མདོར་དོན། ཐང་བདེ་པོར་བསླེབས་དུས། གླུ་ཨ་ལ་ཐ་ལ། འགག་དོག་སར་སླེབས་དུས། བླ་མ་ཨོ་རྒྱན་པདྨ། ཟེར་བ་ལྟར་མ་སོང་བར། སྐྱིད་དུས་སྡུག་བསྔལ་དྲན་ཏེ། སྡུག་བསྔལ་གྱི་རྒྱུ་དང། དེ་སེལ་བའི་ཐབས་དང་ཆོད་སེམས་བརྟན་པོ་དགོས། ང་ཚོའི་གནས་སྟངས་དྲག་དུ་འགྲོ་ན། རྒྱ་ཕྱོགས་གཉིད་མི་ཁུག རང་ཕྱོགས་ལ་རྒྱབ་སྐྱོར་བྱུང་ན་རྒྱ་ཕྱོགས་ལ་བདེ་བ་མེད་པས། ཕ་རོལ་པོའི་རྙིའི་ནང་མ་ཚུད་པའི་ཐོག སྤྱང་གྲུང་འཛོམས་པོ་དགོས་རྒྱུ་ནི་དུས་བབས་ཀྱི་ཁ་ཏ་ཡིན།། །།