༢༠༡༣ ཟླ་ ༥ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཏང་གནས་ནང་འཁོད་དོན། བྱང་ཤར་ཁུལ་གྱི་བོད་དོན་ཞུ་གཏུག་ལས་འགུལ་མཐའ་མའམ་མངའ་སྡེ་བརྒྱད་པ་མེ་གྷ་ལ་ཡའི་རྒྱལ་ས་ཤིས་ལོངས་སུ་ཕྱི་ཚེས་༢༧ ཉིན་གསར་འགོད་ལྷན་ཚོགས་གནང་བ་དང་འབྲེལ་མཇུག་བསྒྲིལ་ཞུས་འདུག
དེ་ཡང་མེ་གྷ་ལ་ཡའི་ཞུ་གཏུག་ལས་འགུལ་དེ་བཞིན་ཚེས་ ༢༣ ཉིན་ས་གནས་སུ་གཉུག་མར་གནས་མཁན་བོད་མི་ ༡༥༠ དང་སྤྱི་འཐུས་གསུམ་བཅས་ནས་མར་མེའི་ཁྲོམ་སྐོར་ཞུས་པ་དང་འབྲེལ་འགོ་འཛུགས་ཞུས་འདུག
ཉིན་ལྔའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྣམ་པ་གསུམ་ནས་མངའ་སྡེ་དེའི་དབུ་ཁྲིད་ཁག་དང་། སྲིད་དོན་ཚོགས་པ་ཁག་གི་གཙོ་འཛིན། གཞུང་ཞབས་དང་གནད་ཡོད་མི་སྣ་ལ་སོགས་མཇལ་འཕྲད་ཞུས་ཏེ་བོད་དོན་ཞུ་གཏུག་གནང་འདུག
ཕྱི་ཚེས་ ༢༤ ཉིན་སྐུ་ཚབ་རྣམ་པས་མངའ་སྡེ་དེའི་སྲིད་སྐྱོང་སྐུ་ཞབས་རན་ཇིད་ཤེ་ཁར་མུ་ཤཱ་ཧ་རི་(Shri.Ranjit Shekhar Mooshahary) མཆོག་མཇལ་འཕྲད་ཞུས་ནས་བོད་དོན་ཞུ་གཏུག་བགྱིས་པའི་རྗེས་ སུ་སྲིད་སྐྱོང་མཆོག་ནས་སེམས་ཤུགས་མ་ཆག་པར་རེ་བ་མུ་མཐུད་ནས་རྒྱུན་གནས་ཐུབ་པ་དགོས་རྒྱུ་དང་།བཙན་བྱོལ་ནང་ཡོད་བོད་མི་རྣམས་སེམས་ཤུགས་དང་སྡུག་དཀའ་ལས་བརྒྱབ་པ་རྣམས་ཁོང་རང་ནས་མཁྱེན་ཚོར་ཡོད་པས་དེར་བསྔགས་བརྗོད་ཡོད་ཅེས་གསུངས་འདུག
སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་རོ་ཝལ་ལིང་ཌོ་ (Shri.Rowell་Lingdo) མཆོག་ནས་སྐུ་ཚབ་རྣམ་པར་སྣེ་བསུ་གཟབ་རྒྱས་དང་འབྲེལ་སྤྱི་ཁྱབ་བློན་ཆེན་མཆོག་ས་གནས་སུ་བཞུགས་མེད་པ་དེས་བཟོད་གསོལ་ཞུ་རྒྱུ་ཡིན་གནས་དང་།
རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་དེ་བཞིན་འགྲིག་གི་མེད་པ་དང་། བོད་མི་མང་གི་མངོན་འདོད་ཁག་ལ་གུས་བརྩི་ཞུས་པའི་ཐོག་ནས་དང་ལེན་ཞུ་དགོས་སྐོར་དང་། བོད་དོན་དཀའ་རྙོག་སེལ་ཐབས་སུ་བོད་པའི་སྐུ་ཚབ་ཀྱི་མཉམ་དུ་བཀའ་མོལ་གནང་དགོས་རྒྱུ་གལ་ཆེ་ཡིན་གནས་གསུངས་འདུག
མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་སན་བོར་ཤུ་ལའི་ (Shri Sanbor Shullai) མཆོག་མཇལ་བའི་སྐབས་ཁོང་གིས་གསུངས་གསལ། ག་དུས་ཡིན་ནའང་བོད་དོན་ཐོག་རྒྱབ་སྐྱོར་ཡོད་གནས་དང་།་རྒྱ་གར་གཞུང་ནས་བོད་དོན་དཀའ་རྙོག་སེལ་ཐབས་སུ་དམིགས་བསལ་ཐུགས་ཁུར་བཞེས་པའི་ཐོག་རྒྱ་ནག་གཞུང་དང་བཀའ་མོལ་གནང་དགོས་སྐོར། བོད་ཀྱི་དཀའ་རྙོག་སེལ་བ་ཡིན་ན་རྒྱ་གར་རྒྱལ་ཁབ་ལའང་ཁེ་ཕན་ཡོད་སྐོར་གསུངས་འདུག ཁོང་ནི་མངའ་སྡེ་དེའི་ནང་གི་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་ (State President of National Congress Party ) ཡང་ཡིན་འདུག
སྐུ་ཚབ་རྣམ་པས་མངའ་སྡེའི་འཕྲོད་བསྟེན་དང་འགྲིམ་འགྲུལ་བློན་ཆེན་སྐུ་ཞབས་ཨེ་ཨེལ་ཧེག (Shri A.L. Hek, Minister for Health, Transport and IT )མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམས་སངྒ་མ་ (Shri James Sangma -MLA, Chief Whip of Opposition and General Secretary of National People’s Party) དང་། སྐུ་ཞབས་ཇེ་མི་ནོ་མའོ་ཐོ། (Shri Jemino Mawthoh -MLA and President of United Democratic Party) ཨེན་པི་པི་ཚོགས་པའི་ཚོགས་གཙོ་ཌོག་ཀྲར་ཌབ་ལུ་ཨར་ཁར་ལུ་ཁི། (Dr. W.R.Kharlukhi President of NPP) བློན་ཆེན་ཟུར་པ་དང་ཀོང་རེ་སི་གྲངས་ཉུང་མི་རིགས་སྡེ་ཚན་གྱི་ཚོགས་གཙོ་སྐུ་ཞབས་ས་ཡིད་ཨུ་ལ་ནོང་རུམ་(Shri.Sayeedullah Nongrum- former Minister and present President of Congress Minorities Cell )མཆོག་བཅས་མཇལ་འཕྲད་ཞུས་འདུག ཚང་མས་མགྲིན་དབྱངས་གཅིག་གྱུར་ཐོག་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་སླེབས་ཚེ་རྒྱབ་སྐྱོར་གཙང་མ་གནང་རྒྱུ་ཡིན་གནས་གསུངས་འདུག མཇལ་འཕྲད་ཞུས་མ་ཐུབ་པའི་བློན་ཆེན་དང་གྲོས་ཚོགས་འཐུས་མི་གྲངས་ ༥༧ སོ་སོར་ཡིག་ཐོག་ཏུ་ཞུ་སྙན་འབུལ་བརྒྱུད་ཞུས་འདུག
སྐུ་ཚབ་རྣམ་པས་མངའ་སྡེ་དེའི་གཞུང་ཞབས་ཁོངས་སུ་མངའ་སྡེའི་སྤྱི་ཁབ་དྲུང་འཕར་སྐུ་ཞབས་བར་ཁོས་ཝརྗ་རི་(Mr.Barkos Warjri, Additional Chief Secretary of State)མཆོག་དང་། སྤྱི་ཁབ་བློན་ཆེན་གྱི་དྲུང་ཆེ་གཙོ་བོ་སྐུ་ཞབས་ཀེ་ཨེས་ཀོ་རོ་ཕ་ (Mr. K.S.Kropha, Principal Secretary, Chief Minister’s Office) མཆོག འགྲིམ་འགྲུལ་ལས་ཁུངས་ཀྱི་དྲུང་ཆེ་གཙོ་བོ་སྐུ་ཞབས་ཡེ་ཤེས་ཚེ་རིང་ལགས། བློན་ཆེན་ཟུར་པ་དང་མར་ཀྲིན་ཀི་རི་ཀྲན་གཙུག་ལག་སློབ་གྲྭ་ཆེན་མོའི་རིགས་བདག་སློབ་དཔོན་ཆེན་མོ་སྐུ་ཞབས་ཨར་ཇི་ལིང་ཌོ་ (Mr. R.G. Lingdoh, former Minister and present Vice Chancellor of Martin Luther Christian University) མཆོག་ལ་སོགས་མཇལ་འཕྲད་ཞུས་ཏེ་བོད་དོན་ཞུ་གཏུག་ལས་འགུལ་བརྩམས་འདུག
བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་དང་པོ་དེ་བཞིན་ནུབ་བྷེང་གོལ་དང། ཨོ་ཌི་ཤཱ། ཆ་ཏིསི་སྒར། ཇར་ཁནྜ་བཅས་ཡིན་པ་དང། ཞུ་གཏུག་ཐེངས་གཉིས་པའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ ཚོགས་གཙོ་ཟུར་པ་དང་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་བཅས་ནས་སི་ཀེམ་མངའ་སྡེ་དང་། ཨ་སམ། ཨ་རུ་ན་ཅལ་དང་། མེ་གྷ་ལ་ཡ་བཅས་མངའ་སྡེ་བརྒྱད་ལ་སྐོར་བསྐྱོད་གནང་འདུག
སྤྱི་འཐུས་རྣམ་པ་གསུམ་ལ་འབྲེལ་ལམ་ཞུ་རྒྱུའི་ཁ་པར་ཨང་གྲངས་གཤམ་གསལ་ལྟར་རེད་འདུག
Mr. Pema Jungney, 9736185856, email: [email protected]
Ms. Yangchen Dolkar, 9436103446, email: [email protected]
Ms. Dhardon Sharling, 9418791189, email: [email protected]