༢༠༡༣ ཟླ་ ༥ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣༠ ཉིན་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཀ༽ ཏི་ཛུ་ཁྲོམ་གཞུང་འདི་བཞིན་དམ་བསྒྲགས་ས་ཁུལ་ནང་གནས་ཡོད་པའི་ཆ་ནས་ཁྲོམ་གཞུང་དང་ཉེ་འཁོར་གྲོང་ཁྱེར་དུ་རྔམ་སྟོན་ཁྲོམ་སྐོར་སྐད་འབོད་བྱེད་རྒྱུའི་ཆོག་མཆན་གནང་སྲོལ་མེད་ནའང་གསུམ་བཅུའི་དུས་དྲན་དང་དགོས་གལ་ནམ་བྱུང་ས་གནས་སུ་ཞི་བའི་མར་མེ་ཁྲོམ་སྐོར་དང་སྨོན་ལམ་གསུང་འདོན་སོགས་ས་གནས་སུ་དབུ་མའི་ལམ་གྱི་འགན་འཛིན་མཆོག་དང་། ས་གནས་རང་བདེན་ཚོགས་ཆུང་། གཞིས་གྲོང་སྤྱི་མི་ལྔ་ནས་གཙོ་འགན་བཞེས་ཏེ་ལས་འགུལ་ལག་བསྟར་ཞུ་བཞིན་ཡོད། དེ་བཞིན་གསུམ་བཅུའི་དུས་དྲན་ངོ་སྤྲོད་མཉམ་༸གོང་ས་མཆོག་གི་གསུམ་བཅུའི་དུས་དྲན་ཐེངས་ ༥༣ ཐོག་གསུང་འཕྲིན་དང་། བོད་མི་མང་སྤྱི་འཐུས་ལྷན་ཁང་དང་བཀའ་ཤག་གི་གསུང་འཕྲིན་བཅས་གཞིས་མི་ལྷན་འཛོམས་ཐོག་སྒྲོག་སྦྱངས་མཉམ་གང་ཐེག་འགྲེལ་བཅོས་ཞུས་ཏེ་གཞིས་མི་མང་ཚོགས་ལ་བོད་ཀྱི་ད་ལྟ་ཛ་དྲག་གནས་སྟངས་དང། བོད་ནང་གི་བོད་མིའི་སྙིང་སྟོབས་ལ་འགྱུར་བ་མེད་པར་གནས་ཡོད་སྐོར་དང་། བཙན་བྱོལ་དུ་བཞུགས་པའི་བོད་མི་མི་རེ་ངོ་རེ་ནས་བོད་ཀྱི་རྩ་དོན་ལ་ཕན་པའི་འཕྱར་བ་གྲུ་འདེགས་ཞུས་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། འདི་ལོ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ གསུམ་དུས་ཉིན་འདི་གའི་ཏི་ཛུ་དར་རྒྱས་གླིང་གི་བླ་སྤྲུལ་དགེ་འདུན་རྣམ་པ་དང་མི་མང་ཡོངས་ནས་སྔ་དྲོ་ཆུ་ཚོད་ ༧ ཐོག་རྟེན་མཁར་མདུན་དུ་བསངས་གསོལ་གནད་སྨིན་གཟབ་རྒྱུས་ཞུས་ཏེ་མཛད་སྒོ་དངོས་གཞི་གྲོལ་མཚམས་༸རྒྱལ་བའི་ཕོ་བྲང་ནང་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ཆུ་ཚོད་ ༡༢ བར་སྨོན་ལམ་གསོག་སྒྲུབ་ཞུས་ཡོད།
ཁ༽ མཐོ་སྒང་བོད་ནི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ཆུའི་འབྱུང་ཁུངས་ཡིན་གཤིས་བོད་ནས་མར་རྒྱུགས་བཞིན་པའི་གཙང་པོ་ཆེ་ཁག་ཡང་རླུང་གཙང་པོའི་རོང་གཤོང་ནང་རྒྱ་གཞུང་གི་གློག་མཁོ་འདོན་ཆེད་ཆུ་མཛོད་མང་དག་ཞིག་བརྒྱབ་དང་རྒྱག་བཞིན་པ་དང་། མ་འོངས་པར་ལོ་ ༥༠ ནང་གཞི་རྒྱ་ཆེ་བའི་ཆུ་མཛོད་རྒྱག་རྒྱུའི་འཆར་གཞིའི་གནས་ཚུལ་གསར་ཤོག་ཁག་ནང་ཐོན་བཞིན་པར་སོང་། འདི་རིགས་ཞིབ་ཕྲའི་གནས་ཚུལ་འབྲེལ་ཆགས་ས་གནས་ཡུལ་མིས་ཤེས་ཚོར་གཏིང་ཟབ་ཡོང་ཐབས་སུ་རང་ངོས་ནས་ནུས་པ་གང་ཡོང་འདོན་དགོས་སྨོས་མེད་སོང་།
འདི་ག་ས་གནས་འགོ་འཛིན་ལས་ཁང་བརྒྱུད་རང་རིགས་མི་མང་དང་ཡང་སྒོས་ས་གནས་ཡུལ་མི་སྤྱི་དང་། ལྷག་པར་ཤེས་ཡོན་ཅན་གྱི་མི་སྣ་དཔོན་རིགས་ཆེ་ཁག་ཕེབས་པའི་སྐབས་དེ་དང་འབྲེལ་བའི་ཡིག་ཆ་ཁག་འགྲེམས་སྤེལ་གོ་རྟོགས་གང་ཐུབ་སྤེལ་ཐུབ་པ་བྱུང་ཡོད།
ག༽ ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༣ ཉིན་རང་གཞུང་ཕྱི་དྲིལ་ཁོར་ཡུག་ལས་བྱེད་གཉིས་ས་གནས་སུ་ཕེབས་ཏེ། དེང་སྐབས་བོད་མཐོ་སྒང་གི་གནས་སྟངས་ཤིན་ཏུ་ཛ་དྲག་པོ་དང་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པའི་ཁོར་ཡུག་སྐོར་སེར་སྐྱ་མི་མང་སློབ་ཕྲུག་བཅས་པར་བརྙན་འཕྲིན་ཁག་སྟོན་ཏེ་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད།
ང༽ བོད་ནང་ཛ་དྲག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆུ་སྦྲུལ་ལོའི་ལོ་གསར་སྐབས་སྤྱི་ཡོངས་ཆོས་ཕྱོགས་ཀྱི་བྱེད་སྒོ་ལས་གཞས་ཞབས་རིགས་མི་འོས་པ་གཞིས་གྲོང་སོ་སོར་འབོད་སྐུལ་ཞུས་པ་དང་སྦྲགས། ལོ་གསར་ཚེས་ ༣ ཉིན་བསངས་གསོལ་སྐབས་བདེན་ཚིག་སྨོན་ལམ་དང་། བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ། གུ་རུའི་ཐུགས་དམ་གནད་བསྐུལ། གསོལ་འདེབས་བདེན་པའི་རྔ་སྒྲ་བཅས་དགེ་འདུན་རྣམ་པ་དང་མི་མང་ཡོངས་ནས་གསོག་སྒྲུབ་གང་མང་ཞུས། དེ་བཞིན་བཀའ་ཤག་བཀོད་ཁྱབ་ཕེབས་པ་ལྟར་ལྷ་དཀར་ནམ་ཡིན་ལ་བོད་ཟས་དང་བོད་གོས། བོད་སྐད་བཀོལ་སྤྱོད་ཀྱིས་མཚོན་བོད་མིའི་ཆོས་རིག་གཤིས་ལུགས་རྒྱུན་འཛིན་བྱེད་སྒོ་ཁག་ཁག་སྲུང་བརྩི་ཞུ་དགོས་གསལ་བ་བཞིན་མི་མང་ཚོགས་ཆེན་ཐོག་གསལ་བསྒྲགས་དང་སྦྲགས་གཞིས་གྲོང་སྤྱི་མི་བརྒྱུད་བརྡ་ཁྱབ་ཞུས་ཏེ་ས་གནས་སུ་ད་ལྟའི་ཆར་ལས་འཆར་མུ་མཐུད་སྤེལ་བཞིན་ཡོད།
ཅ༽ བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག་ལྡི་ལིར་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༣༠ ནས་ཉིན་གྲངས་བཞིའི་རིང་གཞི་རྒྱ་ཆེ་བའི་བོད་མིའི་གདུང་སེམས་མཉམ་བསྐྱེད་ལས་འགུལ་ནང་འདི་ག་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་ཀྱི་ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་གི་སྐུ་ཚབ་རྣམ་གཉིས། ས་གནས་འགོ་འཛིན་ལས་ཚབ། ལས་དྲུང། དེ་བཞིན་མི་མང་གྲངས་ ༤༠ ཙམ་ལས་འགུལ་ནང་མཉམ་བཞུགས་གནང་ཐུབ་པ་བྱུང་ཡོད། དེ་བཞིན་ཕྱི་ཟླ་ ༡༢ ཚེས་ ༡༠ དང་ ༡༡ ཉིན་གཉིས་རིང་བྱང་ཤར་ཤི་ལོང་ལས་འགུལ་ཚོགས་ཆུང་ནས་གོ་སྒྲིག་འོག་ཤི་ལོང་ནས་བོད་མི་མང་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་མཆོག ས་གནས་འགོ་འཛིན་དང་རང་བདེན་ཚོགས་གཙོ། ཏི་ཛུ་ནས་ས་གནས་འཐུས་ཚོགས་གཞིས་མི་གྲངས་ ༡༠༠ མཉམ་བཞུགས་གནང་ཐུབ་པ་བྱུང་ཡོད། དེ་ཡང་རྡི་མ་སྤུར། བསྟན་སྒང་འབུམ་རྡི་ལ། རྡིབ་རུ་གྷར་ཚོང་པ་ཁག་བཅས་ནས་ཁྱོན་བསྡོམས་རང་རིགས་གཞིས་མི་གྲངས་ ༥༠༠ ཙམ་ཨ་སམ་རྒྱལ་ས་གྷོ་ཧ་ཀྲི་རུ་འདུ་འཛོམས་ཀྱི་བོད་ནང་ད་ལྟའི་ཆར་རང་ལུས་མེར་སྲེགས་ཀྱི་ཛ་དྲག་གནས་སྟངས་ཡོད་པ་ལས་གདུང་སེམས་མཉམ་བསྐྱེད་ཀྱི་ཞི་བའི་གོམས་བགྲོད་དང་དགོང་དྲོ་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་རྒྱ་ཆེ་སྤེལ་ཐུབ་བྱུང་ཡོད།
ཆ༽ རང་གཞུང་ཕྱི་དྲིལ་ནས་རིན་མེད་འགྲེམས་སྤེལ་གནང་བཞིན་པའི་དབྱིན་ཡིག་དུས་དེབ་དང་གསར་ཤོག་སོགས་རྒྱ་གར་དཔོན་རིགས་སོགས་ས་གནས་སུ་གཟིགས་སྐོར་ཕེབས་པའི་སྐབས་འགྲེམས་སྤེལ་ཞུ་བཞིན་པ་དང་། དེ་བཞིན་ཤེས་བྱ་དང་བོད་མིའི་རང་དབང་གསར་ཤོག་རིན་མེད་གནང་བཞིན་ས་གནས་སུ་གནད་ཡོད་མི་སྣ་དང་དོན་སྣང་ཅན་རྣམས་ལ་འགྲེམས་སྤེལ་ཞུ་བཞིན་ཆབ་སྲིད་གོ་རྟོགས་ཆེད་ཕན་ཐོགས་ཆེན་པོ་འདུག དེ་བཞིན་༸གོང་ས་མཆོག་ཆིབས་སྒྱུར་སྐོར་བརྙན་འཕྲིན་འཁོར་ལེབ་རིན་མེད་འགྲེམས་སྤེལ་གནང་བཞིན་པ་མི་མང་རྣམས་ལ་དུས་ཆེན་སྐབས་སྟོན་པ་དང་མི་མང་དོ་སྣང་ཅན་ཁག་གཅིག་འཁོར་ལེབ་གཡར་ཏེ་གཟིགས་བཞིན་ཕན་ནུས་ཆེན་པོ་འདུག་ཞུ་རྒྱུས་བཅས།།