༢༠༠༩ ཕྱི་ཟླ་ ༦ ཚེས་ ༥ རེས་གཟའ་པ་སངས།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨཡི་སི་ལན་ཌེ་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༣ རེས་གཟའ་ལྷག་པའི་ཉིན་ཡུ་རོབ་ཀྱི་ཡུལ་གྲུ་ནི་དྷལན་ཌེ་སིའི་ནང་ཆིབས་སྒྱུར་བསྐྱངས་ཡོད་པ་རེད། ༸གོང་ས་མཆོག་ཡུལ་དེར་༸ཞབས་སོར་འཁོད་སྐབས་ཕ་རན་སི་བོད་གཞུང་སྐུ་ཚབ་དོན་གཅོད་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་དང་། ཆིབས་སྒྱུར་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི། བོད་དོན་རྒྱབ་སྐྱོར་བ་སོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་ལྷག་པའི་ཉིན་ནི་དྷ་ལན་ཌེ་སིའི་རྒྱལ་ས་ཨམ་སེ་ཊར་ཌམ་ (Amsterdam) གྱི་རྒྱལ་སྤྱིའི་གནམ་ཐང་སི་ཁལ་ཕོལ་ (Schiphol) དུ་ཆིབས་སྒྱུར་བསྐྱངས་མ་ཐག་གསར་འགོད་ལྷན་ཆོགས་ཤིག་སྐོང་ཚོགས་གནང་ཡོད། སྐབས་དེར་རྒྱལ་སྤྱིའི་གསར་འགོད་པ་གྲངས་ ༧༠ ཙམ་འདུ་འཛོམས་ཀྱིས་༸གོང་ས་མཆོག་ལ་དྲི་བ་ཕུལ་བར་མགོན་པོ་གང་ཉིད་བཀའ་ལན་སྩལ་ཡོད། དེ་ཡང་མགོན་པོ་གང་ཉིད་ཐེངས་འདིར་ཡུ་རོབ་ཁུལ་དུ་ཆིབས་སྒྱུར་བསྐྱངས་དོན་གཙོ་བོ་ནི་གནད་དོན་གཉིས་ཀྱི་ཐོག་ལ་ཡིན་སྐོར་བཀའ་སློབ་ཕེབས་དོན། སྤྱི་ཚོགས་ནང་བྱམས་བརྩེ་དགོས་པ་དང་། ཆོས་ལུགས་རིས་མེད་བར་ལ་མཐུན་སྒྲིལ་དགོས་སྐོར་ཐོག་ལ་བཀའ་སློབ་སྩལ་སླད་ཕེབས་པ་ཡིན་སྐོར་དང་། ཡང་གསར་འགོད་པས་ཡུལ་དེའི་སྲིད་བློན་སྐུ་ཞབས་བལ་ཀི་ནན་ཌེ་ (Belkenende) ནས་མཇལ་མོལ་གནང་རྒྱུ་མིན་པའི་ཐོག་ལ་དྲི་བ་ཕུལ་བར་༸གོང་ས་མཆོག་ནས་མགོན་པོ་གང་ཉིད་ཀྱི་ཆིབས་སྒྱུར་འདི་ནི་ཆབ་སྲིད་དང་འབྲེལ་བའི་ཆིབས་སྒྱུར་ཞིག་མིན་པ་དང་། དེས་མ་ཟད་དབུ་ཁྲིད་རྣམ་པ་སྟབས་མི་བདེ་བ་བཟོ་འདོད་མེད་ཅེས་བཀའ་ལན་ཕེབས་ཡོད། གསར་འགོད་པ་གཞན་ཞིག་གིས་སྲིད་བློན་གྱིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་མིན་པའི་ཐག་གཅོད་དེ་རྒྱ་ནག་གཞུང་གི་གནོན་ཤུགས་ཀྱིས་ཤུགས་རྐྱེན་ཐེབས་ཡོད་མེད་དྲི་བ་ཕུལ་བར་མགོན་པོ་གང་ཉིད་ནས། དེ་ནི་སྲིད་བློན་ཁོང་ལ་བཀའ་དྲི་ཞུ་དགོས་ཀྱི་རེད། ཅེས་སོགས་བཀའ་ལན་སྩལ་ཡོད།
དེ་ཉིན་ཕྱེད་ཡོལ་ཆུ་ཆོད་ ༣།༠༠ ནས་ ༤།༠༠ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བརྙན་འཕྲིན་བརྒྱུད་ལམ་པའི་ཆེད་དོན་ནི་དྷར་ལན་ཌེ་སིའི་མཐོ་རིམ་སློབ་གཉེར་ཁང་མང་པོ་ཞིག་གི་ནང་སློབ་སྦྱོང་བྱེད་བཞིན་ཡོད་པའི་རྒྱ་རིགས་སློབ་ཕྲུག་གཙོས་སློབ་ཕྲུག ༢༠༠ ལྷག་ཙམ་དང་དྲི་བ་དྲིས་ལན་ཞུ་རྒྱུའི་མཛད་རིམ་ཞིག་གོ་སྒྲིག་ཞུས་ཡོད་པར་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་ཆིབས་སྒྱུར་བསྐྱངས་ཏེ་ཁོང་ཚོའི་དྲི་བར་བཀའ་ལན་གནང་ཡོད་པ་རེད། དྲི་བ་དྲིས་ལན་གྱི་མཛད་རིམ་དེའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་སྐུ་མ་ཌིལ་ལིན་ཨལ་བ་རེཌེ་ (Madeleine Albright) དང་། ཨ་རིའི་ཆབ་སྲིད་མི་སྣ་སྐུ་ཇི་སི་ཇཀ་སོན།(Jese Jackson) དེ་བཞིན་ནི་དྷར་ལན་ཌེ་སིའི་ཆབ་སྲིད་དང་རིག་གཞུང་ཐོག་གི་གྲགས་ཅན་མི་སྣ་ཁག་གཅིག་བཅས་ལྷན་ཞུགས་གནང་ཡོད་པ་རེད། མཛད་རིམ་དེ་བཞིན་ནི་དྷ་ལན་ཌེ་སིའི་བརྙན་འཕྲིན་བརྒྱུད་ལམ་ཁང་ནས་ཕྱི་ཚེས་ ༣ རེས་གཟའ་ལྷག་པའི་ཕྱི་དྲོ་ཆུ་ཚོད་ ༨།༣༠ ཐོག་རྒྱལ་ཡོངས་སུ་རྒྱང་སྲིང་ཞུས་ཡོད་འདུག
ཕྱི་ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨམ་སེ་ཊེ་ཌམ་དུ་ཡོད་པའི་རེ་ལྷན་ཚོགས་བསྟི་གནས་ཁང་དུ་ (RAI Conference Center) སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༡།༣༠ བར་དད་ལྡན་ཆོས་ཞུ་བ་མི་གྲངས་ ༩༠༠༠ ཙམ་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་བཟོད་པའི་ལེའུ་བཀའ་ཁྲིད་གནང་ཡོད་པ་མ་ཟད། ཉིན་རྒྱབ་ནི་དྷ་ལན་ཌེ་སིའི་མི་མང་ ༡༢༠༠༠ ཙམ་ཞིག་ལ་གཉན་འཕྲང་གི་དུས་ལ་བཟོད་བསྲན་དང་བྱམས་བརྩེའི་ནུས་སྟོབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་བཅས།།