༢༠༡༣ ཟླ་ ༥ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༤ ཉིན་བཞུགས་སྒར་རྡ་སའི་ཉེ་འགྲམ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཆོས་རྭའི་ཚོམས་ཆེན་དུ་ཆོས་རིགས་ལས་ཁུངས་ནས་གོ་སྒྲིག་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བཤད་སྒྲུབ་བསྟན་པ་གོང་སྤེལ་གྱི་ལྷན་ཚོགས་དབུ་འཛུགས་གནང་ཡོད། སྐབས་དེར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་གསུང་བཤད་གནང་དོན།
དེ་རིང་སྐུ་མགྲོན་གཙོ་བོ་ཟམ་གདོང་རིན་པོ་ཆེས་དབུས་ཚོགས་བཅར་བ་ཡོངས་ལ་ཆོས་རིག་ལས་ཁུངས་ནས་འཚམས་འདྲི་ཞུ་གི་ཡོད། ཆོས་བརྒྱུད་ཆེན་པོ་ཁག་གི་སྐུ་ཚབ་གདན་འདྲེན་ཞུས་ཏེ་བཀའ་བསྡུར་གནང་རྒྱུ་དེ་བོད་ཕྱི་ནང་གཉིས་ཀྱི་འདས་པ་དང་མ་འོངས་ད་ལྟ་བ་ཚང་མར་བསམ་ཤེས་ཀྱི་ཆོས་རིག་ལས་ཁུངས་ཀྱི་འགན་འཁྱེར་ཏེ་སྐོང་འཚོགས་གནང་ཡོད། ཉིན་བཞིའི་རིང་བཀའ་བསྡུར་ལྷུག་པོའི་ཐོག་ནས་ང་ཚོ་ཆོས་རིག་ལས་ཁུངས་སུ་ལམ་སྟོན་གནང་དགོས་ཀྱི་ཡོད། ལྷན་ཚོགས་འདི་ནས་ལམ་སྟོན་གང་བྱུང་བ་དེ་ཆོས་རིག་ལས་ཁུངས་ཀྱི་ཆོད་སེམས་བརྟན་པོའི་ཐོག་ནས་ལག་ལེན་བསྟར་རྒྱུའི་འདུན་པ་ཡོད།
དེ་བཞིན་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཚང་མས་དགོངས་པ་བཞེས་ཏེ་གཏན་འབེབས་གནང་རོགས་ཞུ་རྒྱུ་དང་། གཞི་རྩའི་ནང་ཆོས་དེ་ཐུན་མོང་མ་ཡིན་པའི་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་ལག་ལེན་བསྟར་ཚུལ་དང་ཉམས་ལེན་བྱེད་ཚུལ། བཤད་སྒྲུབ་ཀྱི་བསྟན་པ་འཛིིིན་སྐྱོང་དེ་དག་ཧ་ལས་པའི་རྩར་ཆེན་པོ་དང་གཟི་བརྗིད་ཆེན་པོ་དང་། དེང་གི་འཛམ་གླིང་འདིའི་སྟེང་ང་ཚོར་ངོམས་རྒྱུ་ཡོད་པ་ནང་ཆོས་དང་ཡིན་ང་ཚོར་མི་འཁོར་རྒྱུ་དང་དེ་བཞིན་ཆབ་སྲིད་དང་དཔལ་འབྱོར་ཐོག་ནས་བོད་དོན་རྒྱབ་སྐྱོར་བྱེད་རྒྱུ་ནང་ཆོས་གཞི་བཞག་ནས་མི་རིགས་ཐ་དད་ཡིན་པའི་རྒྱལ་ཁབ་གཅིག་དང་རིག་གཞུང་ཚད་མཐོ་པོ་ཡོད་པ་ཞིག་ལ་ངོས་འཛིན་གྱིས་ང་ཚོར་ལོ་རེ་བཞིན་རྒྱབ་སྐྱོར་ཇེ་མང་འགྲོ་བའི་འབྱུང་ཁུངས་ནང་ཆོས་ཡིན་པར་བརྟེན་ད་ལྟ་ང་ཚོ་འདི་འདྲ་ཞིག་ལ་སླེབས་ཡོད། མ་འོངས་པར་གང་འདྲ་ཞིག་ཡར་རྒྱས་དང་ཚད་དང་ལྡན་པ་གང་འདྲ་བྱེད་དགོས་མིན་གྱི་དགོངས་པ་བཞེས་རྒྱུའི་ས་བོན་སྔོན་མ་ནས་ཆོས་བརྒྱུད་ཁག་བཤད་གྲྭ་དང་སྒྲུབ་གྲྭ་ཁག་ལ་ཕུལ་ཡོད།
ད་རེས་ཐག་གཅོད་ཐུབ་པའི་སྐུ་ཚབ་ཕེབས་ཡོད་པར་སོང་། བོད་ནང་བསླབ་པ་སློབ་གཉེར་ཚད་མཐོ་པོ་ཡོད་པ་ཞིག་གི་རྣམ་པ་དེ་ང་ཚོས་ཕྱི་ལོག་ཏུ་སྟོན་ཐུབ་མེད། ན་ནིང་ཆོས་བརྒྱུད་ཁག་གི་དབུ་བླ་ཚོ་ཕེབས་དུས་ཞུ་རྒྱུ་བྱུང་། སྔོན་མ་རྡ་སར་དབུས་གཞོན་ནུའི་ལྷན་ཚོགས་ཐོག་མར་ཚུགས་དུས་༸གོང་ས་མཆོག་གི་ང་ཚོ་བོད་པར་འཛམ་གླིང་འདིའི་སྟེང་ངོམས་རྒྱུ་གཅིག་ཡོད་པ་དེའི་ཐོག་ནས་ང་ཚོ་སུ་གཅིག་ལ་སྤོབས་པ་ཤོར་དགོས་མ་རེད། བོད་ཀྱི་མཁས་པའི་བསླབ་པ་སློབ་གཉེར་དེ་ཞེ་དྲག་གི་ཚད་མཐོ་པོ་དང་ངོམས་ཆོག་པ་ཞིག་ཡོད་གསུང་ཀྱང་། སྐབས་དེ་དུས་སོ་སོ་རང་ཉིད་གཞོན་སྐྱེས་ཡིན་པའི་ཆ་ནས་ཚོར་སྣང་ཞེ་དྲག་མ་བྱུང་། འོན་ཀྱང་ད་ཆ་ལོ་ངོ་སུམ་ཅུ་ལྷག་གི་རྗེས་རྒྱབ་ཤིག་ཅིག་བརྒྱབ་ནས་ལྟ་དུས་ནང་ཆོས་དེ་དེ་བཞིན་རེད་འདུག ཉེ་ཆར་ང་ཚོ་ཆོས་རིག་ལས་ཁུངས་ངོས་ན་འཛམ་གླིང་སྟེང་ནང་པའི་ཆོས་ཚོགས་ག་ཚོད་བཙུགས་ཡོད་མིན་ཁ་བྱང་ཞིག་བསྡུ་རུབ་བྱས་པ་ཡིན། ལགས་སོན་བྱུང་བའི་གྲངས་ཐོ་ ༧༠༠ བརྒལ་བ་ཞིག་ཨ་མི་རི་ཀ་དང་ཡུ་རོབ། ཨེ་ཤི་ཡ། ལྷོ་ཨ་མི་རི་ཀ་སོགས་ནང་བཙུགས་ཡོད།
ཕྱི་ལོ་ ༡༩༥༩ ལོར་བོད་ནས་ཡོང་དུས་བསླབ་པ་སློབ་གཉེར་མཐར་ཕྱིན་པ་ཧ་ལམ་ཉིས་སྟོང་ཙམ་ལས་ཕེབས་ཡོད་ཀྱི་མ་རེད། ཚང་མས་སྐུ་ངལ་ཞེ་དྲག་བརྒྱབ་ཏེ་ཆོས་བརྒྱུད་སོ་སོའི་བཤད་གྲ་སྒྲུབ་གྲ་སྐྱོན་པ་དེ་དག་ཧ་ལས་པའི་ལག་རྗེས་ཆེན་པོ་ཞིག་ཆགས་ཡོད། དེ་སྔ་འཛམ་གླིང་ཐོག་ནང་ཆོས་ཕར་ཞོག་བོད་ཟེར་བའི་ལུང་པ་ཞིག་ཡོད་པ་ཤེས་ཀྱི་མེད། ད་ཆ་དགེ་འདུན་པ་དང་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་ཞིག་གི་སོ་སོ་རང་ཉིད་བསླབ་པ་སློབ་གཉེར་ཚད་ལྡན་གནང་ཐོག་ནང་ཆོས་སྤེལ་ཐུབ་པ་དེ་ཧ་ལས་རེད། ཅེས་སོགས་ཀྱིས་གསུང་བཤད་གནང་ཡོད་པ་བཅས།།