༢༠༡༣ ཟླ་ ༥ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། བོད་མདོ་སྨད་བྱ་ཁྱུང་དགོན་པའི་ནང་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་ཕག་མོ་དོན་འགྲུབ་ལགས་ཀྱིས་རང་ལུས་མེར་སྲེག་མ་བཏང་གོང་འབྲེལ་ཡོད་ཅིག་ལ་ཁ་ཆེམས་བཞག་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་བོད་མདོ་སྨད་བྱ་ཁྱུང་དགོན་པའི་ཆོས་རའི་ནང་། མཚོ་སྔོན་མཚོ་ཤར་ས་ཁུལ་བ་ཡན་རྫོང་ཚྭ་ཕུག་ཞང་ས་དཀར་གོང་བ་སྡེ་བའི་རང་ལོ ༢༡ ཡིན་པའི་རྒྱལ་གཅེས་པ་ཕག་མོ་དོན་འགྲུབ་ལགས་ཀྱིས། རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་བྱུས་ལ་ངོ་རྒོལ་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་ལྟར། ཉེ་ལམ་ཁོང་གིས་རང་སྲེག་མ་གནང་སྔོན་དུ་འབྲེལ་ཡོད་ལ་ཁ་ཆེམས་བཞག་ཡོད་པ་དེ་ཕྱི་ཕྱོགས་སུ་འབྱོར་ཡོད་འདུག
ཁོང་གི་ཁ་ཆེམས་ནང་། ད་བར་བོད་ཀྱི་ས་ཆ་ག་ས་གང་དུ་བོད་མི་རིགས་ཀྱི་རང་དབང་གི་ཆེད་དུ་མི་བརྒྱ་མ་ཟིན་ཙམ་གྱིས་རང་ལུས་མེར་སྲེག་བཏང་སོང་བ་ནི། ངོ་མ་བོད་མི་རིགས་ཀྱི་དཔའ་བོ་ངོ་མ་རེད། བོད་ལ་རང་དབང་དང་རང་བཙན་མ་ཐོབ་ན་བོད་མི་རིགས་ཀྱི་རིག་གནས་དང་གོམ་སྲོལ་ལ་སོགས་པ་རྒྱ་མིས་རྩ་མེད་གཏོང་རྒྱུ་རེད། ད་ལོ་ང་ཚོ་བ་ཡན་རྫོང་གི་བོད་རིགས་འདུས་སྡོད་ས་ཁུལ་ལ་བོད་ཡིག་སྦྱང་མི་ཆོག་ཟེར་ནས་སྲིད་གཞུང་གིས་བོད་ཡིག་སློབ་ཁྲིད་བྱེད་དུ་མ་བཅུག དགེ་རྒན་ཚང་མ་ཡང་བ་ཡན་རྫོང་ནས་ཕར་ཕྱིར་ཕུད་བཏང་སོང་། ད་ངོ་མ་སེམས་སྡུག་གི་དེ་རིང་རྒྱ་ལོ་བཅོ་ལྔའི་དགོང་དྲོ་བྱ་ཁྱུང་དགོན་པའི་ཆོས་རའི་མདུན་དུ་ངའི་མེར་སྲེག་གཏོང་རྒྱུ་ཡིན་ལ། དེ་རིང་ནི་བོད་རང་བཙན་གྱི་ཉིན་མོ་ཡིན། ཞེས་འཁོད་འདུག
སྐབས་དེར་རྒྱལ་གཅེས་པ་ཕག་མོ་དོན་འགྲུབ་ལགས་ཀྱི་ཁ་ཆེམས་བཞག་པ་དངོས་སུ་མཐོང་མཁན་གྱི་མི་སྣ་ཞིག་གིས་བརྗོད་དོན་ལྟར་ན། ཉིན་དེར་ཁོང་དང་ཕག་མོ་དོན་འགྲུབ་གཉིས་ས་གནས་ཀྱི་རྨ་ཆུ་ཁར་ཡོད་པའི་གདོང་སྣང་གྲོང་རྡལ་ (རྒྱ་སྐད་དུ་ཁང་ཡཱང་གྲོང་རྡལ) དུ་སོང་སྟེ་ཟ་མ་ཟ་སྐབས་ཁ་ཆེམས་དེ་བཞག་ཡོད་འདུག་ལ། ཕྱིར་ཡོང་རྗེས་ཕག་མོ་དོན་འགྲུབ་ལགས་ཀྱིས་སྡེ་བའི་ཚོང་ཁང་ཞིག་ཏུ་ཁ་ཚ་ལེབ་མོ་གཉིས་དང་མེ་ཆ་གཅིག་ཉོས་ཡོད་པ་དང་། ཕྱི་དྲོ་ཆུ་ཚོད་ ༧།༠༠ ཙམ་ལ་བྱ་ཁྱུང་དགོན་པའི་སྨན་པ་གྲྭ་ཚང་གི་ཚོང་ཁང་དུ་རྡོ་སྣུམ་ཤེལ་དམ་གཉིས་དང་ཚོན་མདོག་ཅན་གྱི་ཤོག་བུ་འགའ་ཉོས་ཏེ། དགོན་པའི་ཆོས་རའི་མདུན་དུ་མ་བསླེབ་གོང་ཕག་མོ་དོན་འགྲུབ་ལགས་ཀྱིས་རྡོ་སྣུམ་དུམ་བུ་གཅིག་དང་ཕྱེད་ཀ་འཐུང་ཡོད་པ་མ་ཟད། དགོན་པའི་གཏོར་མ་འཕེན་སའི་བྲག་སྒང་ལ་བུད་དེ་ཤོག་བུ་མེ་སྦར་ཞོར། “ བོད་རང་བཙན་ཡིན། བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་སྐད་འབོད་བརྒྱབ་ཡོད་འདུག
ཕྱིར་དགོན་པའི་སྨན་པ་གྲྭ་ཚང་གི་སྲང་བར་དུ་བསླེབ་སྐབས། ཁོང་གིས་རྡོ་སྣུམ་ལྷག་མ་ཚང་མ་རང་གི་མགོར་བླུགས་ཏེ་ཆོས་རྭའི་མདུན་དུ་བསླེབས་མ་ཐག གྲོགས་པོ་ད་བདེ་མོ་ཞེས་ཟེར་བཞིན་རང་ལུས་མེར་སྲེག་བཏང་ཡོད་འདུག་ལ། སྐད་འབོད་རྒྱག་ཞོར་ཡར་མར་ཐེངས་འགར་རྒྱུགས་རྗེས་དྲན་པ་བརྒྱལ་ཡོད་འདུག ཕྱིས་སུ་དགོན་པའི་དགེ་འདུན་པ་སོགས་ཀྱིས་ཁོང་སྨན་ཁང་དུ་འཁྱེར་བའི་ལམ་བར་དུ་རྒྱ་གཞུང་གིས་བཙན་འཕྲོག་བྱས་ཏེ། ཕྱི་ཚེས་ ༢༥ ཉིན་རྒྱ་གཞུང་གིས་ནང་མིར་ཁོང་འདས་གྲོངས་སུ་གྱུར་བའི་བརྡ་ལན་སྤྲད་ཡོད་སྐོར་བརྗོད་འདུག