༢༠༡༣ ཟླ་ ༥ ཚེས་ ༦ རེས་གཟའ་ཟླ་བ།
༄༅། འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༥ ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་འཕགས་པ་ཚེ་རིང་ལགས་སོགས་ཕྱི་ཟླ་ ༥ ཚེས་ ༡ སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཐེ་པེ་གྲོང་ཁྱེར་གྲོས་ཚོགས་འཐུས་མི་ལྕམ་ཇན་ཡུའུ་ཨན་ལགས་ཀྱིས་སྣེ་ལེན་དང་འབྲེལ་ཐེ་པེ་གྲོང་ཁྱེར་གྲོས་ཚོགས་ནང་གཟིགས་སྐོར་གནང་རྗེས། གྲོང་ཁྱེར་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཀྲའུ་བྷོ་ཡཱ་ཡིས་གཞུང་འབྲེལ་མཇལ་འཕྲད་གནང་ཡོད། ཚོགས་གཙོ་གཞོན་པ་སྐུ་ཞབས་ཀྲའུ་བྷོ་ཡཱ་ཡིས་ཐོག་མར་སྐུ་མགྲོན་རྣམས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས་ཐེ་པེ་གྲོང་ཁྱེར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་བ་དང་ལྷན་གསུང་བ་གསར་འགྱུར་བརྒྱུད་ལམ་ཐོག་ནས་ཐོན་པ་ལྟར་ན།
ཁྱེད་རྣམས་པས་བོད་མིའི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་བཞིན་ཡོད་པར་གུས་བཀུར་དང་རྒྱབ་སྐྱོར་ཡོད། ཅེས་གསུངས་གྲུབ་བསྟུན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་ས་ཡོངས་རྫོགས་རྒྱ་གཞུང་གི་གནོན་ཤུགས་འོག་གནས་ཡོད་པ་དང་། བཙན་བྱོལ་ནང་སྐྱབས་བཅོལ་བའི་གནས་སྟངས་ཀྱི་ཆ་ནས་ཕྱིའི་རྣམ་པ་ཁྱེད་རྣམ་པ་ཇི་བཞིན་མེད་ཀྱང་། ནང་མང་གཙོའི་ལམ་ལུགས་དོན་དམ་ཐོག་ཤར་བསྐྱོད་འགྲོ་བཞིན་ཡོད་སྐོར་དང་། གཞན་ཡང་དབུ་མའི་ལམ་བརྒྱུད་བོད་ལ་གང་མགྱོགས་ལོག་ཐུབ་རྒྱུའི་རེ་བ་རྒྱག་ཀྱི་ཡོད། བོད་ནང་ལོག་ཐུབ་པ་བྱུང་ན་གཙོ་བོ་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ཡིན་སོགས་གསུངས། དེ་ནས་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པས་བོད་ནང་རང་ལུས་མེར་སྲེག་སྐོར་བཀའ་འདྲི་གནང་བར་ལན་འདེབས་གནང་།
དེ་རྗེས་ཐེ་པེ་གྲོང་ཁྱེར་སྲིད་གཞུང་ནང་གཟིགས་སྐོར་གནང་བ་དང་། ཉིན་གུང་ཐེ་པེ་གྲོང་ཁྱེར་གྲོས་ཚོགས་ནས་སྐུ་མགྲོན་རྣམས་ལ་གཞུང་འབྲེལ་གསོལ་ཚིགས་གོ་སྒྲིག་གནང་ཡོད་པ་ལྟར་ཚོགས་གཞོན་སྐུ་ཞབས་ཀྲའུ་བྷོ་ཡཱ་དང་། གྲོས་ཚོགས་འཐུས་མི་ལྕམ་ཇན་ཡུའུ་ཨན་རྣམ་གཉིས་ཀྱིས་བཀའ་འདྲི་གནང་བར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་རྣམ་གཉིས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོ་སྤྲོད་དང་། བོད་ནང་རང་ལུས་མེར་སྲེག་གི་སྐོར་སོགས་དུས་ཡུན་ཆུ་ཚོད་གཉིས་ཙམ་ཕན་ཚུན་གླེང་མོལ་ལྷུག་པོ་གནང་ཡོད། ཕྱི་ཟླ་ ༥ ཚེས་ ༢ སྔ་དྲོ་ཐེ་ཝན་མང་གཙོ་ཐེབས་རྩ་ཁང་གི་འགན་འཛིན་སྐུ་ཞབས་ཚའི་ཝི་དང་མཇལ་འཕྲད་གནང་སྟེ་ཁོང་གིས་བོད་དོན་བགྲོ་གླེང་ཚོགས་འདུ་སོགས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། དེ་རྗེས་ཀྲེང་ནན་རུང་དྲན་གསོའི་ཐེབས་རྩ་ཁང་དུ་གཟིགས་སྐོར་ལ་ཕེབས་ཡོད།
སྐུ་ཞབས་ཀྲེང་ནན་རུང་ལགས་ནི་ཐེ་ཝན་ལ་བརྒྱ་ཆ་བརྒྱའི་སྨྲ་བརྗོད་རང་དབང་ཐོབ་ཆེད་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་བའི་རླབས་ཆེའི་མི་སྣ་ཞིག་ཡིན་པ་དང་། དེ་ཉིན་ཁོང་གི་སྐུ་ཟླ་ཐེ་ཝན་གྱི་སྲིད་བློན་གཞོན་པ་ཟུར་པ་ལྕམ་ཡེ་ཅུ་ལན་ལགས་དང་། ཐེབས་རྩ་ཁང་གི་འགན་འཛིན་སོགས་ནས་སྣེ་ལེན་དང་ངོ་སྤྲོད་གནང་། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བོད་མིས་རང་ལུས་མེར་སྲེག་སྐོར་དང་། ལྷག་པར་ལྕམ་ཡེ་ཅུ་ལན་གྱིས་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། དགོང་དྲོ་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོགས་སྡེ་ཁག་གི་སྐུ་ཚབ་དང་མཇལ་འཕྲད་ཀྱི་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས།
ཕྱི་ཚེས་ ༣ ཉིན་ཏུང་ཝུ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་གོ་སྒྲིག་ལྟར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་།
རྒྱ་ནག་མང་གཙོ་དོན་གཉེར་བ་སྐུ་ཞབས་ཡཱང་ཅན་ལི། རྒྱ་ནག་སྐམ་སའི་ཁྲིམས་རྩོད་པ་བཅས་མི་གྲངས་གསུམ་གྱིས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཞིང་། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བོད་ནང་གི་ཛ་དྲག་གནས་སྟངས། བོད་མིའི་རང་ལུས་མེར་སྲེག་སྐོར་སོགས་ངོ་སྤྲོད་དང་། སློབ་ཕྲུག་གི་དྲི་བར་ལན་འདེབས་གནང་། དེ་ཉིན་སློབ་ཕྲུག་གྲངས་དྲུག་ཅུ་ལྷག་མཉམ་ཞུགས་གནང་ཡོད།
ཕྱི་ཚེས་ ༤ ཉིན་ནཱན་དའོ་ས་གནས་སུ་ཆགས་པའི་བོད་བརྒྱུད་ནང་བསྟན་བསླབ་གསུམ་སློབ་གླིང་དུ་གཟིགས་སྐོར་གནང་བ་མ་ཟད། དེ་མིན་འབྲེལ་ཡོད་མི་སྣ་གཞན་ཁག་དང་ཐུག་འཕྲད། དེ་བཞིན་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་མི་སྣ་ཐུག་འཕྲད་བཀའ་བསྡུར་སོགས་གནང་ཡོད་པ་བཅས།