༢༠༡༣ ཟླ་ ༥ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༣༠ ཉིན་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། བོད་མི་ཆབ་སྲིད་བཙོན་ཟུར་རྒྱ་གཞུང་གི་བཙོན་ཁང་ནང་ཡུན་རིང་ཤོས་མྱོང་མཁན་གྱི་གྲས་ཤིག་ཡིན་པ་བློ་བཟང་བསྟན་འཛིན་ལགས་རང་ཁྱིམ་དུ་བཏང་འདུག དེ་ཡང་ཁོང་ལོ་མང་རིང་བཙོན་ཁང་ནང་དཀའ་སྡུག་ཚད་མེད་མྱངས་བར་བརྟེན། ཁོང་གི་གཟུགས་པོའི་གནས་སྟངས་ཇེ་ཞན་ཇི་སྡུག་གི་མཁལ་མ་དང་གཅིན་སྙིའི་ནད་སོགས་ཀྱི་རྐྱེན་པས་མིག་གི་ནུས་པ་ཉམས་ཏེ་སྐབས་རེ་ལོང་བ་ལྟ་བུར་གྱུར་བའི་དཀའ་ངལ་འོག་སྔ་ལོའི་ལོ་མཇུག་ནས་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
ཆབ་སྲིད་བཙོན་ཟུར་བློ་བཟང་བསྟན་འཛིན་ལགས་ནི་ཕྱི་ལོ་ ༡༩༦༦ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་སྦྲ་ནག་ཞོལ་དུ་འཁྲུངས་པ་དང། སློབ་ཆུང་དང་སློབ་འབྲིང་སྐྱོད་རྗེས་ཕྱི་ལོ་ ༡༩༨༧ ལོ་ནས་བོད་ལྗོངས་སློབ་གྲྭ་ཆེན་མོར་སློབ་ཞུགས་ཀྱི་ཕྱི་ལོ་ ༡༩༨༨ ལོའི་ཕྱི་ཟླ་ ༣ ཚེས་ ༥ ཉིན་ལྷ་སར་བོད་རང་བཙན་གྱི་སྐད་འབོད་སོགས་ཞི་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་རྒུ་ཚ་ལྟ་སྲུང་ཁང་དུ་བཙོན་འཇུག་གིས་རྒྱ་མིའི་དམག་མི་གཅིག་བསད་པ་དང་འབྲེལ་བའི་ཁྲིམས་འཁྱོག་བཙན་བཀལ་གྱི་ལོ་གཉིས་རྗེས་སྲོག་ཐོག་ཀྱི་ཁྲིམས་ཐག་བཅད་ཀྱང་། བོད་ཕྱི་ནང་གི་གནོན་ཤུགས་ལ་བརྟེན། ཕྱི་ལོ་ ༡༩༩༡ ལོར་སྲོག་ཁྲིམས་ཉེས་ཆད་ནས་ཚེ་བཙོན་དུ་སྒྱུར་ཏེ་གྲྭ་བཞི་བཙོན་ཁང་དུ་བཅུག
ཁོང་གིས་བཙོན་ཁང་ནང་དུའང་རང་དབང་དང་དྲང་བདེན་གྱི་འཐབ་རྩོད་གནང་བཞིན་ཕྱི་ལོ་ ༡༩༩༡ ལོའི་ཟླ་ ༤ ཚེས་ ༦ ཉིན་ཁོང་དང་ཁོང་གི་ཕྱག་རོགས་ཆབ་བཙོན་བསྟན་པ་དབང་གྲགས་ལགས་རྣམ་གཉིས་ཀྱིས་ཨ་མི་རི་ཀའི་གཞུང་ཚབ་སྐུ་ཞབས་ཇེམ་སི་ལེ་ལིར་ James ལགས་གཟིགས་སྐོར་ཕེབས་སྐབས། བོད་ཡུལ་སྤྱི་དང་ལྷག་པར་ཆབ་སྲིད་བཙོན་པའི་གནས་སྟངས་ཇི་འདྲ་ཡིན་མིན་ཞིབ་ཕྲ་འཁོད་པའི་སྙན་ཞུ་ཞིག་ཁོང་ལ་ཕུལ་བའི་ཉེས་མིང་འོག ཁོང་གཉིས་ལ་ཉེན་རྟོག་པས་ཉེས་རྡུང་ཚད་མེད་ཐོག་བཙོན་པ་སྡུག་གསོད་གཏོང་ཡུལ་གྱི་དུར་ས་ལྟ་བུའི་ཀོང་པོ་ཁུལ་གྱི་སྤྲ་རྨོག་འདམ་ཆུ་བཙོན་ཁང་དུ་སྤོ་སྐྱེལ་བྱས།
ཕྱི་ལོ་ ༡༩༩༤ ལོར་རྒྱལ་སྤྱིའི་གནོན་ཤུགས་འོག་ཚེ་བཙོན་ནས་མི་ལོ་ ༡༨ རིང་དུས་བཀག་བཙོན་འཇུག་ཆག་ཡངས་བཏང་སྟེ་ཕྱིས་སུ་ཆུ་ཤུལ་བཙོན་ཁང་དུ་གནས་སྤོས་ཀྱིས་ཁྱོན་མི་ལོ་ཧྲིལ་པོ་ ༢༥ ཙམ་རིང་ཁྲིམས་བཤེར་རིམ་པ་དང་། བཙོན་ཁང་འདྲ་མིན་ཁག་དྲུག་ཙམ་ནང་སྡུག་སྦྱོང་ཚད་མེད་འོག་སྐུ་གཟུགས་གནས་སྟངས་ཇེ་ཞན་ཇི་སྡུག་གི་མཁལ་མ་དང་། མགོ་བོར་ཟུག་གཟེར། གཅིན་སྙིའི་ནད་སོགས་རྐྱེན་པས་མིག་གི་ནུས་པ་ཉམས་ཏེ་སྐབས་རེ་ལོང་བ་ལྟ་བུར་གྱུར་བའི་དཀའ་ངལ་འོག་སྔ་ལོའི་ལོ་མཇུག་ནས་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག