༢༠༠༩ ཕྱི་ཟླ་ ༦ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །༢༠༠༩ ཕྱི་ཟླ་ ༥ ཚེས་ ༣༡ རེས་གཟའ་ཉི་མའི་ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་གང་ཉིད་ཀྱི་བཞུགས་གནས་མགྲོན་ཁང་དུ་ཌན་མག་ཁུལ་དུ་གནས་སྡོད་བོད་མི་དང་། སུའི་ཌན་ནས་འབྱོར་བའི་བོད་མི། དེ་མིན་ཌན་མག་བོད་དོན་རྒྱབ་སྐྱོར་ཚོགས་པ། ཌན་མག་བོད་རང་བཙན་སློབ་ཕྲུག་ཚོགས་པ། ཌན་མག་དང་བོད་ཀྱི་རིག་གཞུང་ཚོགས་པ་བཅས་ཀྱི་འཐུས་མི། ལྷག་པར་ཁུལ་དེར་གནས་སྡོད་རྒྱ་རིགས་ཁག་གཅིག་བཅས་ལ་མཇལ་ཁ་བཀའ་དྲིན་ཆེ་བ་སྩལ་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དམིགས་བསལ་བོད་མི་རྣམས་ལ་ལམ་སྟོན་བཀའ་སློབ་སྩལ་དོན། ད་ལྟ་གཉན་འཕྲང་ཅན་གྱི་གནས་སྟངས་འདིའི་སྐབས་གཞིས་བཞུགས་བོད་མི་ཚོས་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ལ་བློ་གཏད་བཅོལ་བཞིན་ཡོད་པ་དེ་ངེས་པར་དུ་སེམས་ལ་བཅངས་ནས་ལས་ཀ་བྱེད་དགོས་ཀྱི་རེད། བོད་པ་ཚོ་ས་གནས་གང་ཞིག་ཏུ་སྡོད་མིན་ལ་མ་ལྟོས་པར་བོད་མིའི་ཤ་ཁྲག་རུས་གསུམ་ལ་བརྗེ་པོ་རྒྱག་རྒྱུ་མེད་པ་རེད། ལུང་པ་གང་དུ་ཕྱིན་ཡང་བོད་པ་རེད་ཅེས་བརྗོད་པ་ལས་འགྱུར་བ་འགྲོ་རྒྱུ་གང་ཡང་མེད། བོད་ནང་གི་རྒྱ་ཆེའི་མི་མང་དེ་དག་རང་དབང་དང་བྲལ་ནས་དཀའ་ངལ་ཞིག་གི་འོག་ཏུ་གནས་ཡོད། མདོར་ན་རྣམ་འགྱུར་བཏོན་སྟངས་ཏོག་ཙམ་མ་འགྲིག་པ་བྱུང་བ་ཡིན་ནའང་སྲོག་ཤོར་རྒྱུའི་ཉེན་ཁ་ཆགས་ཀྱི་ཡོད་པ་རེད། དེ་རིང་ཁ་སང་རྒྱ་གཞུང་གིས་བོད་མིར་ཏོག་ཙམ་དོགས་པ་བྱུང་མ་ཐག་འཛིན་བཟུང་བྱས་ཏེ་ཉེས་རྡུང་ཚད་ལས་འདས་པ་བཏང་སྟེ་ཁག་གཅིག་རྐྱེན་འདས་དང་། མང་པོ་ཞིག་ནད་གཅོང་ཆགས་འགྲོ་བ་སོགས་བཟོ་གི་ཡོད། ཛ་དྲག་གི་གནས་སྟངས་དེ་འདྲའི་འོག་རེ་བ་རྒྱག་ས་གཅིག་དེ་ང་ཚོ་རང་དབང་ལུང་པའི་ནང་ཡོད་པ་ཚོར་རྒྱག་གི་ཡོད་པ་རེད། བོད་རྒྱ་ཆེའི་མི་མང་གིས་ང་ཚོར་རེེ་འདུན་དེ་འདྲའི་ཤུགས་ཆེ་རྒྱག་གི་ཡོད་དུས་ང་ཚོར་འགན་ཞིག་ཡོད་པ་རེད། ཅེས་བཀའ་སྩལ་ཡོད།
ཡང་༸གོང་ས་མཆོག་ནས་བོད་མི་ཚོ་ས་ཕྱོགས་གང་དུ་བསྡད་ཀྱང་བོད་པའི་ཚབ་མཚོན་པ་ཞིག་བྱེད་དགོས་པའི་ཐོག་ལ་བཀའ་སློབ་ལམ་སྟོན་ཕེབས་དོན། ཁྱེད་རང་ཚོ་ས་ཕྱོགས་གང་དུ་བསྡད་ཀྱང་བོད་པ་ཡིན་བསམ་པའི་འདུ་ཤེས་དེའི་ཐོག་ནས་བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཐུབ་པ་བྱེད་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། བོད་རྒྱ་ཆེའི་མི་མང་གི་ཚབ་ཡག་པོ་ཞིག་བྱ་ཐུབ་སླད་རང་ཉིད་སྤྱི་ཚོགས་གང་དུ་ཡོད་ཀྱང་མི་གཞན་གྱིས་ཡིད་ཆེས་དང་ཆེ་མཐོང་བྱ་ཡུལ་ཞིག་བྱེད་དགོས་པ་ལས་སོ་སོ་གང་དུ་ཡོད་ཀྱང་དེར་རྫུན་ཤོད་པ་དང་ཡིན་ལུགས་ཚུན་ལྡན་མ་བྱས་པ་ཡིན་ན་མི་གཞན་གྱིས་ཆ་འཇོག་བྱེད་ཀྱི་མ་རེད། སོ་སོ་རང་ཉིད་བོད་པའི་ཚབ་ཅིག་དང་བོད་རྒྱ་ཆེའི་མི་མང་གི་མདོག་དེ་འཛམ་གླིང་འདིའི་ཐོག་བཏོན་ཐུབ་པ་ཞིག་བྱ་རྒྱུར་མིས་ཡིད་ཆེས་འཕེལ་བ་ཞིག་བཟོ་དགོས་དུས། རང་ཉིད་ཀྱི་སྤྱོད་ལམ་དེ་བོད་ཀྱི་རིག་གཞུང་ནང་ཡ་རབས་དང་། དྲང་པོ་བྱ་རྒྱུ། བདེན་པ་བདེན་གཏུགས་བྱ་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་བཀའ་སྩལ་བ་མ་ཟད་ལྷག་པར་དུ་༸གོང་ས་མཆོག་ནས། སྡུག་ས་ནས་བརྗོད་ན། ཕྱི་ལོ་ ༡༩༦༠ དང་ ༡༩༧༠ ཙམ་ལ་ང་ཚོ་བཙན་བྱོལ་ནང་འཁྲུག་པ་རྒྱག་མཁན་དེ་འདྲ་ཧ་ལམ་གོ་རྒྱུ་མེད། བར་སྐབས་ནས་དེ་འདྲ་ཏོག་ཙམ་གོ་རྒྱུ་འདུག དེ་རིང་ཁ་སང་རྒྱ་གར་བ་ཁག་གཅིག་གིས་སྔ་མོའི་བོད་པ་དང་དེང་སང་གི་བོད་པའི་བར་ཏོག་ཙམ་འདྲ་གི་མི་འདུག ཅེས་བཤད་མཁན་ཡོང་གི་འདུག དེར་བརྟེན་ཁྱེད་རང་ཚོ་ཚང་མས་གཟབ་གཟབ་བྱེད་དགོས་ཀྱི་རེད། ང་རང་ཚོའི་ཆོས་ཕྱོགས་ནས་བརྗོད་པ་ཡིན་ན་ང་ཚོ་ཚང་མ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་མི་རེད།
ང་རང་ཚོ་ཆུང་ཆུང་གི་སྐབས་ནས་མ་ཎི་འདྲེན་ཤེས་པ་ཞིག་དང་སེམས་ཅན་གྱི་སྲོག་ལ་སྙིང་རྗེ་ཟེར་བ་དེ་ང་རང་ཚོའི་གོམས་གཤིས་ལ་ཡོད་པ་ཞིག་རེད། དྲང་པོ་མ་བྱས་པ་ཡིན་ན་ལས་རྒྱུ་འབྲས་ཞེས་སྐད་ཆ་ཤོད་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོ་ས་ཕྱོགས་གང་དུ་བསྡད་ཀྱང་བོད་རྒྱ་ཆེའི་མི་མང་གི་རེ་འདུན་དེ་འཁྱེར་ཐུབ་པ་གཅིག་དང་། རེ་འདུན་དེ་མི་ལ་བཏོན་པའི་སྐབས་སུ་མིས་ཡིད་ཆེས་འཕེལ་ཐུབ་པ་ཞིག་ཡོང་སླད་སོ་སོའི་ནམ་རྒྱུན་གྱི་སྤྱོད་ལམ་དེ་དངོས་གནས་དྲང་གནས་ཀྱི་མི་བཟང་པོ་རྫུན་མི་ཤོད་མཁན་ཕྱོགས་ལྷུང་མེད་པ་ཞིག་བྱེད་དགོས་ཀྱི་རེད། དེ་འདྲ་བྱས་ན་མིས་ཡིད་ཆེས་བྱེད་ཀྱི་རེད། ཅེས་ལམ་སྟོན་བཀའ་སློབ་ཟབ་རྒྱས་ཕེབས་ཡོད།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བཀའ་སློབ་ཕེབས་སྐབས་ད་བར་ཁོང་རྣམ་པས་བོད་དོན་ལ་རྒྱབ་སྐྱོར་ཆད་མེད་གནང་བར་བསྔགས་བརྗོད་དང་འབྲེལ། བོད་དོན་ལ་རྒྱབ་སྐྱོར་གནང་བ་དེ་ནི་བོད་མིར་རྒྱབ་སྐྱོར་གནང་མ་ཡིན་པར་དེ་ནི་བདེན་པར་རྒྱབ་སྐྱོར་གནང་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ཅེས་བཀའ་སློབ་ཕེབས་ཡོད།
ལྷག་པར་དུ་༸གོང་ས་མཆོག་ནས་རྒྱ་རིགས་རྣམས་ལ་བཀའ་སློབ་སྩལ་སྐབས་མགོན་པོ་གང་ཉིད་ནས་ཁ་བྲལ་རྩོད་ལེན་གནང་གི་མེད་སྐོར་ནན་བཤད་གནང་བ་དང་ཆབས་ཅིག རྒྱ་རིགས་མི་མང་རྣམས་བོད་མི་བཞིན་རྒྱ་ནག་དམར་པོའི་འོག་སྡུག་སྦྱོང་མྱོང་མཁན་གཅིག་མཚུངས་ཡིན་པ་ངོ་སྤྲོད་གནང་བ་མ་ཟད། རྒྱ་གཞུང་ནས་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་སྐོར་དང་། མགོན་པོ་གང་ཉིད་ནས་སྔ་ལོ་ནས་བཟུང་རྒྱ་རིགས་མི་མང་དང་དམིགས་བསལ་འབྲེལ་གཏུགས་ཀྱིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དེ་བཞིན་དངོས་སུ་རྒྱ་མི་མང་གི་རྒྱལ་ཁབ་གཅིག་ཡོང་རྒྱུར་ཐུགས་རེ་གནང་བཞིན་ཡོད། ཅེས་བཀའ་སྩལ་ཡོད།
༸གོང་ས་མཆོག་གིས་ཉིན་གཉིས་ཀྱི་གསུང་ཆོས་བཀའ་དྲིན་སྩལ་གྲུབ་མཚམས་བོད་ཀྱི་བདེ་དོན་ཚོགས་པའི་ཚོགས་གཙོ་ལ་ཁ་རིན་པོ་ཆེས་དབུས་ཚོགས་མི་ཁག་གཅིག་གིས་བོད་མི་རྣམས་ཀྱི་ཚབ་ཞུས་ཏེེ་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
༸གོང་ས་མཆོག་གིས་ཌན་མག་ཡུལ་གྱི་མཛད་འཆར་མཐའ་མ་དེར་མི་མང་ ༤༠༠༠ བརྒལ་བར་ནང་སེམས་ཀྱི་ཞི་བདེའི་ཐོག་ལ་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་དང་། དེ་ཉིན་ཕྱི་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་དང་བཅས་ཌན་མག་ནས་ཨཡི་སི་ལན་ཌེར་ཆིབས་ཞལ་བསྒྱུར་ཡོད་པའི་གནས་ཚུལ་དུ།།