༢༠༠༩ ཕྱི་ཟླ་ ༦ ཚེས་ ༢ རེས་གཟའ་མིག་དམར།
༄༅། །རྒྱ་གར་ལྷོ་ཕྱོགས་མ་སོར་ལུགས་བསམ་གཞིས་ཁོངས་སྔ་འགྱུར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་འདུས་ཚོགས་ནས། སྔ་འགྱུར་རྙིང་མའི་དབུ་འཛིན་ཟུར་པ་སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་རེ་ཞིག་སྐུ་ཞི་བར་གཤེགས་པའི་དགོངས་རྫོགས་མཆོད་འབུལ་དང་། རང་གཞུང་གི་ལོ་ལྔ་བཅུ་བཙན་བྱོལ་དུ་འདས་པའི་བོད་མིའི་སྐྱིད་སྡུག་དྲན་གསོའི་ལས་འཆར་ཁོངས། ཆོས་རིག་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་གཏམ་བཤད་བགྲོ་གླེང་གནང་རྒྱུའི་མཛད་འཆར་བཅས་ཀྱི་ཆེད། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་རྡ་ས་ནས་ ༢༠༠༩ ཕྱི་ཟླ་ ༥ ཚེས་ ༡༩ ཉིན་ཕེབས་ཐོན་གྱིས་རིམ་བཞིན་སྦེང་ལོར་ལྷོ་སྤྱི་དང་འབྲེལ་ཡོད་ཁག སྦེལ་ཀོབ་གཞིས་ཆགས་ཀྱི་ས་གནས་ཁྲིམས་ཞིབ་པ་དང་ས་གནས་འགོ་འཛིན་གཉིས་ཀྱི་གཙོས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྐུ་ཚབ་བཅས་ནས་ཕེབས་བསུ་དང་ཐུག་འཕྲད་གནང་།
ཚེས་ ༢༢ སྔ་དྲོའི་ཚོུད་ ༧།༠༠ ཐོག་སྐྱབས་རྗེ་དམ་པ་གང་གི་སྐུ་གདུང་རིན་པོ་ཆེ་ཟངས་མདོག་དཔལ་རིའི་ཕོ་བྲང་འོག་མ་ནས་མཁན་སྤྲུལ་འདུས་ཚོགས་ཡོངས་ནས་མཆོད་རྫས་དུ་མས་སྣེ་དྲངས་ཏེ། སེར་སྦྲེངས་དང་བཅས་གཙུག་ལག་ཁང་ཆེན་མོའི་ནང་གདན་འདྲེན་གྱིས་ཁྲི་འཕང་མཐོན་པོར་བཞུགས་སུ་གསོལ་ཞིང་། མཆོད་སྤྲིན་གྱི་བཀོད་པ་ཁྱད་པར་འཕགས་པས་མདུན་བསུས་ཏེ་སྐྱབས་གནས་འདུས་ཚོགས་རིན་པོ་ཆེས་དཔལ་རྡོ་རྗེ་སེམས་པའི་དཀྱིལ་འཁོར་གྱི་སྒོ་ནས་ཚོགས་མཆོད་ཕུལ་བ་དང་བསྟུན། བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ནས་འདུས་ཚོགས་སུ་མང་ཇའི་བསྙེན་བཀུར་དང་སྐུ་འགྱེད་སྒོར་ ༣༠ རེ་ཕུལ། དེ་རྗེས་ཚོགས་ཐེངས་གཉིས་པར་ཕྱི་ནང་སྐུ་མགྲོན་དང་མཁན་སྤྲུལ་འདུས་པ་རྒྱ་མཚོས་བླ་མ་མཆོད་པའི་སྒོ་ནས་མཆོད་འབུལ་ཟབ་རྒྱས་ལེགས་གྲུབ་རྗེས། སྐུ་མགྲོན་གཙོ་ཁག་དང་དགོན་པའི་མཁན་སྤྲུལ་བཅས་ནས་སྐུ་གདུང་རིན་པོ་ཆེ་མཇལ་ཁ་དང་མལ་རྟེན་གསུམ་འདེགས་འབུལ་རྗེས་སྔ་དྲོའི་ཚོགས་ཐེངས་གྲོལ།
ཚེས་ ༢༣ དང་ ༢༤ སྔ་དྲོའི་ཚོུད་ ༡༠ དང་ཕྱི་དྲོའི་ཚོུད་ ༤ ཐོག་ལུགས་བསམ་དང་བདེ་སླར་གཉིས་ཀྱི་ཁྱབ་ཁོངས་ཆོས་སྡེ་ཁག་གི་འདུས་ཚོགས་རྣམས་ལ་སེ་ར་ཐེག་ཆེན་གླིང་དང་རྣམ་གྲོལ་གླིང་ཚོགས་ཁང་བཅས་སུ། ས་གནས་འགོ་འཛིན་གྱི་ལས་དྲུང་ནས་མཛད་རིམ་ངོ་སྤྲོད་དང་འགོ་འཛིན་ནས་གཏམ་བཤད་གནང་རྗེས། བཀའ་བློན་མཆོག་ནས་ལོ་ལྔ་བཅུ་བཙན་བྱོལ་དུ་འདས་པའི་བོད་མིའི་སྐྱིད་སྡུག་དྲན་གསོ་དང་འབྲེལ་བའི་གཏམ་བཤད་སྤྱི་དང་། བྱེ་བྲག་དབུ་ཁྲིད་འདི་ལྟ་བུ་ཡོད་པའི་སྐབས་སུ་ཁོང་གི་དགོངས་གཞི་ལྟར། བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་ལ་ཐུགས་ཁུར་གནང་བར་བསྔགས་བརྗོད་དང་སླད་ཀྱང་སྔར་ལྷག་གནང་བའི་འབོད་སྐུལ། དགེ་འདུན་པས་བོད་དོན་ལས་འགུལ་ནང་མཉམ་ཞུགས་སྐབས་དམ་པའི་ཆོས་འདུལ་བ་དང་། ཆོས་སྡེ་སོ་སོའི་ཁྲིམས་དང་མི་འགལ་བ་གནང་རྒྱུས་མཚོན་ཆོས་རིག་ལས་ཁུངས་ཀྱི་ངོ་སྤྲོད་དང་། ཆོས་ཚོགས་ཐེང་བཅུ་བའི་གྲོས་ཆོད། ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་བཅས་ཀྱི་ཐོག་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གྲུབ་མཚམས། བདེ་སླར་ས་གནས་འགོ་འཛིན་གྱིས་ཐུགས་རྗེ་ཆེ་ཞུས་རྗེས་ཚོགས་འདུ་གྲོལ། ཚེས་ ༢༥ ཉིན་སྦེང་ལོར་དང་ལྡི་ལི་བརྒྱུད་རྡ་སར་ཚེས་ ༢༧ ཉིན་ཕྱིར་ཕེབས་གནང་བའི་གསར་གནས་སྙིང་བསྡུས་སུ།།