༢༠༡༠ ཕྱི་ཟླ་ ༡ ཚེས་ ༢༠ རེས་གཟའ་ལྷག་པ།
པེ་ཅིང་གི་རྫུན་གཏམ།
རྒྱ་ནག་པེ་ཅིང་གཞུང་གིས་” བོད་རྙིང་པ་ནི་མི་ཡུལ་གྱི་དམྱལ་བ་ཞིག་ཡིན་ལ། ཏཱ་ལའི་དང་དེའི་མཐོ་རིམ་རུ་ཚོགས་ཀྱིས་འགོ་ཁྲིད་པའི་ཆོས་སྲིད་ཟུང་འབྲེལ་ཞིང་བྲན་ལམ་ལུགས་ཀྱིས་བོད་ཀྱི་མི་འབོར་བརྒྱ་ཆ་དགུ་བཅུ་ཙམ་ལ་གཉའ་གནོན་བཤུ་གཞོག་བཏང་ཡོད། འདི་ནི་ཆེས་མུན་ནག་དང་། གདུག་རྩབ། ཀླ་ཀློ། རྗེས་ལུས་བཅས་ཀྱི་སྤྱི་ཚོགས་ཤིག་ཡིན་པ་མ་ཟད། བཙན་རྒྱལ་རིང་ལུགས་པའི་ཚབ་བྱེད་མི་སྣས་ཡོངས་སུ་ཁྱབ་ཡོད།” དེར་བརྟེན། རྒྱ་ནག་གུང་ཁྲན་ཏང་གིས་བཅིངས་བཀྲོལ་དམག་གི་དཔུང་དམག་ཁྲི་གཉིས་ཙམ་བཏང་ནས་།”ལོག་སྤྱོད་པ་རྡུང་རྡེག་བཏང་བ་དང་ཆབས་ཅིག་བོད་ལ་ཞི་བའི་བཅིངས་བཀྲོལ་བཏང་ནས་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བཅིངས་བཀྲོལ་ཐོབ་པ་དང་། བཅིངས་བཀྲོལ་ཐོབ་པའི་བོད་རིགས་ཀྱི་སེམས་པ་མེས་རྒྱལ་དང་བསྒྲིལ་ཏེ། མི་རིགས་གཞན་དང་འཆམ་མཐུན་མཉམ་གནས་ངང་གནས་ཡོད།”ཅེས་བཤད་འདུག་པེ་ཅིན་གཞུང་གིས་བོད་ཀྱི་བསམ་པའི་དཔལ་ཡོན་དང་། བོད་རྒྱལ་ཁབ་གཅིག་ཡིན་པའི་གནས་བབ་ཡོངས་རྫོགས་གོང་གསལ་ཚིག་དུམ་གཉིས་ནང་ཕྱོགས་བསྡོམས་བྱས་འདུག་ཀྱང་། དེ་ནི་མི་རྣམས་ཀྱིས་ཡིད་ཆེས་སྐྱེ་ཐབས་མེད་པའི་ཁུངས་མེད་གཏམ་འཆལ་དང་། བྱིས་བློ་རང་རེད། གང་ཡིན་ཞེ་ན། གཞི་རྩའི་བཤད་ཚུལ་དེའི་གོ་དོན་ནི། རྒྱ་ནག་གཞུང་གིས་བོད་ཀྱི་བདག་དབང་ཆ་ཚང་སྤྱད་ཟིན་པ་མ་ཟད་དུས་ནམ་ཡང་སྤྱོད་རྒྱུ་སྟོན་པ་དང་ཆབས་ཅིག དྲག་ཤུགས་ཀྱི་བཙན་བཟུང་བྱས་པ་དེ་ཡང་ནས་ཡང་དུ་ནན་བཤད་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གི་སྲིད་འཛིན་ཟུར་པ་དང་དམར་དམག་རྒྱང་བསྐྱོད་ནང་བསྐྱོད་མྱོང་མཁན་ད་ལྟ་འཚོ་གནས་ཡོད་པ་ཡང་ཧྲང་ཁུན་གྱིས། ལོ་རྒྱུས་ཀྱི་གནད་དོན་སྤྱིར་ན་ཞིབ་ཚགས་པོ་ཞིབ་འཇུག་བྱ་རྒྱུ་མེད། ང་ཚོས་ངེས་པར་དུ་དམར་དམག་རྒྱང་བསྐྱོད་སྐབས་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པར་ཆེ་མཐོང་སྤྲད་པ་བརྗོད་དགོས། ང་ཚོས་ལོ་རྒྱུས་ལ་ཞིབ་ཚགས་པོའི་ངང་བལྟས་ན། ང་ཚོར་ལམ་སེང་སེལ་ཐུབ་ཐབས་མེད་པའི་དཀའ་གནད་མང་པོ་ཞིག་འཕྲད་རྒྱུ་རེད།” ཅེས་བཤད་མྱོང་ཡོད་ཅིང་། ཁོང་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་བྱང་ཆུབ་པ་ཤེས་མཁན་ཞིག་རེད། ཡང་ཧྲང་ཁུན་གྱིས་ཁོ་རང་ཚོའི་ཚོགས་པར་དངོས་ཡོད་གནས་སྟངས་ལས་གཡོལ་ཐབས་བྱས་ཏེ་སྒྲོ་འདོགས་ཀྱི་ལྷ་སྒྲུང་གསར་རྩོམ་བྱ་རྒྱུར་གློག་ཞུ་ལྗང་ཁུ་སྤར་ཏེ། དམར་ཤོག་ཚོགས་པའི་ལོ་རྒྱུས་བརྗོད་པ་པོ་རྣམས་ལ་རྫུན་གཏམ་སྤེལ་རྒྱུའི་ཆོག་མཆན་ཞིག་སྤྲད་པ་རེད། འདི་ལྟར་གུང་ཁྲན་ཏང་གི་ལོ་རྒྱུས་གསར་རྩོམ་བྱས་པའི་མཇུག་འབྲས་ནི་གསལ་པོ་མཐོང་ཐུབ་པ་རེད། དཔེར་ན། དམར་དམག་རྒྱང་བསྐྱོད་ཀྱི་ལོ་རྒྱུས་ནང་། མའོ་ཙེ་ཏུང་གིས་འགོ་ཁྲིད་པའི་དམར་དམག་གིས་ཀྲུའུ་ཅང་དུ་ཁྲེང་གྲོང་དང་། ཙུན་ཡི་ས་ཁུལ་ཁག་གཉིས་ནང་ཡོངས་གྲགས་སུ་དམག་ཕམ་ཉེས་ཚབས་ཆེན་ཤོར་བ་དེ་གཉིས་ནག་བསུབ་བཏང་ཡོད་པ་རེད། གནས་ཚུལ་ངོ་མ་ནི་ཁ་ཏིག་ཁ་བའི་སྨན་ལྟ་བུ་རེད། སྨན་དེར་ན་ཚ་བཅོས་པའི་ཕན་ནུས་ཆེན་པོ་ཡོད། འོན་ཀྱང་པེ་ཅིན་གཞུང་ལ་ཆ་མཚོན་ན། བདེན་པ་དང་། ཁྲིམས་ལུགས་དབང་འཛིན། རང་དབང་དང་། མང་གཙོ་སོགས་ནི་ཆ་མེད་རྒྱུས་མེད་ལྟ་བུ་ཞིག་རེད། ཐ་ན་སོ་སོའི་ཏང་གི་དངོས་ཡོད་ལོ་རྒྱུས་ནང་གི་དམར་དམག་རྒྱང་བསྐྱོད་སྐབས་བློ་ཕམ་གྱི་གནད་དོན་རྣམས་ལས་སླ་པོའི་ངང་ནག་བསུབ་གཏོང་རྐྱང་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་འདས་པའི་ལོ་ལྔ་བཅུའི་རིང་བོད་སྐོར་རྫུན་གཏམ་ཁོ་ན་བཤད་དགོས་ཁག་མེད་ཅིང་། པེ་ཅིན་དྲིལ་བསྒྲགས་ལས་ཁུངས་ཀྱིས་བོད་རྙིང་པའི་སྐོར་ཧ་ཅང་ཕུན་སུམ་ཚོགས་པའི་རྒྱན་ཚིག་བེད་སྤྱད་དེ་ལོག་འགྲེལ་བྱས་པར་ང་ཚོ་དངོས་གནས་ཧང་མ་སངས་ཀ་མེད་རེད། ཁོང་ཚོར་བདེན་པ་མེད་སྟབས་གསོན་ཉམས་ལྡན་པའི་རྒྱན་ཚིག་ལ་བརྟེན་ནས་དེ་སྔའི་བོད་འདི་སྡུག་རུལ་གྱི་སྤྱི་ཚོགས་ཤིག་བྲིས་ཏེ་མི་རྣམས་ལ་ཚོད་དཔག་བྱེད་བཅུག་པ་རེད། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གཅིག་རང་ཡོད་པ་དེ་ནི། རྒྱ་ནག་དམར་གཞུང་གིས་བོད་བཙན་བཟུང་བྱས་པ་དེ་ཁྲིམས་མཐུན་ཡོང་ཐབས་ཁོ་ན་རེད།
ང་ཚོའི་བོད་དང་། ཁོ་ཚོའི་བོད།
རྒྱ་ནག་དམར་གཞུང་གིས་ཕྱི་ལོ་ ༡༩༤༩ ལོར་བོད་ལ་བཙན་འཛུལ་མ་བྱས་གོང་གི་བོད་ཀྱི་སྤྱི་ཚོགས་ནི། ཕུགས་བསམ་ལྡན་པའི་སྤྱི་ཚོགས་ཤིག་མ་ཡིན་ལ། “བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་”ཤིག་དེ་བས་མིན། འདི་ནི་ཆབ་སྲིད་ཐོག་རང་བཙན་གྱི་རྒྱལ་ཁབ་གཅིག་ཡིན་པ་དང་། དཔལ་འབྱོར་ཐོག་འཚོ་བ་རང་གསོ་ཐུབ་པ་དང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གཞུང་ཡོད་ཅིང་། གཞུང་སྲིད་འཛིན་སྐྱོང་ཐད་དུས་རབས་དེའི་སྐབས་ཀྱི་འཛམ་གླིང་རྒྱལ་ཁབ་གཞན་དང་མི་འདྲ་བའི་ལམ་ལུགས་ཤིག་ཡོད་པའི་མི་རིགས་ཤིག་ཡིན།
དུས་རབས་བདུན་པའི་ནང་གི་བོད་ཀྱི་བཙན་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་། བོད་ཀྱི་དབུ་ཁྲིད་རྣམས་ཀྱིས་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྣམ་བཞག་གཞིར་བཟུང་རྒྱལ་སྲིད་ཆོས་བཞིན་སྐྱོང་རྒྱུའི་ལམ་ལུགས་ཤིག་བསྟན་ཡོད། ལམ་ལུགས་དེའི་སྙིང་དོན་ནི། དབུ་ཁྲིད་ཚོ་ཕ་མ་དང་མི་མང་རྣམས་ནི་ཕྲུ་གུ་ལྟ་བུར་བརྩིས་གནང་བ་དེ་ཡིན། དེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྟོན་པའི་མི་ཆོས་གཙང་མ་བཅུ་དྲུག་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྟོན་གནང་བའི་ཉེས་པ་གཅོད་རྒྱུའི་ལམ་སྟོན་བཅུ་གསུམ།ལས་གསལ་པོ་མཚོན་ཐུབ་པ་རེད།
སྤྱི་ཚོགས་གཞན་དང་འདྲ་བར་བོད་དུ་ཡང་ནག་ཉེས་ཅན་ལ་ཁྲིམས་གཅོད་བྱེད་སྟངས་འདྲ་མིན་མང་པོ་ཡོད། དེའི་ནང་ནས་འགའ་ཞིག་བོད་དུ་སྔ་མོ་ནས་ཡོད་པ་ཡིན་ནའང་། མང་དག་ཅིག་རྒྱ་ནག་མན་ཇུའི་སྐབས་སུ་སླེབས་པ་ཡིན། དེ་ཡང་། དེང་དུས་བོད་ཀྱི་རང་དབང་རྩོམ་པ་པོ་འཇམ་དབྱངས་ནོར་བུས་བརྗོད་དོན་ལ་གཞིགས་ན། བོད་མི་རྣམས་ཀྱིས་”རྒྱ་སྒོ།”ཅེས་བརྗོད་པ་བཙོན་པའི་སྐེ་དང་རྐང་པར་ཤིང་གི་སྒོ་ལྟ་བུ་གཡོགས་ཏེ་ཁྲིམས་གཅོད་གཏོང་བ་དང་། ནག་ཉེས་པའི་ལུས་ཀྱི་ཤ་རིམ་བཞིན་བྲེག་ནས་དམར་གསོད་གཏོང་ཐབས་སོགས་ནི་མན་ཇུ་ནས་དར་བ་རེད། ཁྲིམས་གཅོད་དེ་དག་ནག་ཉེས་ཚབས་ཆེན་གསོག་མཁན་ལ་མ་གཏོགས་བེད་སྤྱོད་བྱེད་ཀྱི་མེད། ཕྱི་ལོ་ ༡༨༩༨ ལོར་བོད་ཀྱི་ནང་གོང་གསལ་གྱི་ཁྲིམས་གཅོད་དེ་དག་རྒྱལ་ཁབ་ཁ་བྲལ་གྱི་ཉེས་པ་གསོག་མཁན་ལ་མ་གཏོགས་བེད་སྤྱོད་བྱེད་མི་ཆོག་པའི་ཁྲིམས་བཟོས་པ་དང་། གདུག་རྩབ་ཆེ་བའི་ཁྲིམས་གཅོད་མང་པོ་ཞིག་ཀྱང་མེད་པ་བཟོས་པ་རེད། ལུང་པ་ཁུག་ཀྱོག་ལ་རྒྱང་འབུད་གཏོང་བའི་སྲོལ་དེ་བོད་ནང་རྒྱུན་དུ་མཐོང་ཐུབ་པའི་ཉེས་པ་གཅོད་རྒྱུའི་ཐབས་ཤིག་རེད། དཔེར་ན། སྤྱན་གསལ་ཀུན་འཕེལ་ལགས་ཀོང་པོའི་ཡུལ་གྱི་དགོན་པ་ཆུང་ཆུང་ཞིག་ཏུ་རྒྱང་འབུད་བཏང་བ་ལྟ་བུ་རེད། ཀུན་འཕེལ་ལགས་ནི་༸གོང་ས་བཅུ་གསུམ་པ་ཆེན་པོའི་སྐུ་བཅར་ཡིན་པ་དང་། ༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་བསྙུན་གཞི་བཞེས་ཏེ་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་ཀུན་འཕེལ་ལགས་ལ་༸གོང་ས་མཆོག་གི་བསྙུན་གཞི་སྐོར་བཀའ་ཤག་ལ་སྙན་གསན་མ་ཞུས་པའི་ནག་ཉེས་བཙུགས་ཏེ་ཁྲིམས་ཆད་ཕོགས་པ་རེད།
དུས་རབས་ཉི་ཤུ་པའི་འགོ་སྟོད་ལ། བོད་ཀྱི་ཁྲིམས་སྲོལ་མ་ལག་དང་། ཁྲིམས་སྒྲིག་བཅས་ལོ་ངོ་བརྒྱ་ཕྲག་གི་གོང་འཕེལ་ཕྱིན་པ་བརྒྱུད་དེ་བས་སྔོན་ཐོན་བྱུང་སྟེ། གལ་ཏེ་བོད་མི་སུ་ཞིག་ལ་ས་གནས་འགོ་དཔོན་གྱི་ཁྲིམས་ཐག་བཅད་པར་འདོད་བློ་མ་ཁེངས་པའམ། གཞིས་ཁའི་བདག་པོས་བརྙས་བཅོས་བྱས་པ་བྱུང་ཚེ་ཐད་ཀར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཞུ་གཏུགས་བྱེད་རྒྱུའི་ཐོབ་ཐང་ཡོད། དེའི་སྐབས་ཀྱི་རྒྱ་ནག་དང་། ལྷག་པར་དུ་དེང་དུས་ཀྱི་རྒྱ་ནག་ནང་སྤྱི་འབངས་ལ་འདྲི་གཅོད་དྲང་བདེན་དང་། ཁྲིམས་སྐྱོང་དང་མི་སྒེར་གྱི་རང་དབང་ལོངས་སྤྱོད་བྱེད་དབང་མེད་པ་དང་བསྡུར་ན། ཕྱི་ལོ་ ༡༩༥༩ གོང་གི་བོད་ནི་དེ་བས་བསམ་པའི་དཔལ་ཡོན་ནམ་ལེགས་བྱང་གིས་ཕྱུག་པའི་སྤྱི་ཚོགས་ཤིག་ཡིན་པ་གསལ་པོ་རེད། དེ་ཡང་། དེང་དུས་བོད་ཐོག་མཁས་པ་སྐུ་ཞབས་་རན་སི་མི་ཐིས་བརྗོད་དོན། “དེའི་སྐབས་བོད་དུ་ཕེབས་མྱོང་མཁན་རྒྱ་རིགས་དང་། ཕྱི་རྒྱལ་གྱི་མི་སྣ། དེ་བཞིན་བོད་མི་རྣམས་ཀྱི་དེ་ལྟར་དཔང་པོ་བྱས་ཡོད།”༢
བོད་ནང་ཡོད་པའི་ས་ཆ་ཡོངས་སུ་རྫོགས་པ་གཞུང་གི་བདག་དབང་ཡིན། སྐུ་ཞབས་་རན་སི་མི་ཐིའི་དེབ་ནང་བོད་གཞུང་གིས་ས་ཁྱོན་ཕལ་ཆེ་བ་རྒྱུན་སྲོལ་གྱི་རྒྱལ་བློན་སྐུ་དྲག་དང་། དགོན་སྡེ་སོགས་བརྒྱུད་དེ་དོ་དམ་བྱེད་ཀྱི་ཡོད།”ཅེས་འཁོད་ཡོད་ཀྱང་། དོན་དངོས་ཐོག་ཁོང་ཚོར་སྲིད་གཞུང་གིས་བཀུར་བའི་དབང་ཆར་བརྟེན་ནས་རང་སོ་སོའི་ཁྱབ་ཁོངས་མི་སེར་ལག་ནས་ཁྲལ་བསྡུས་པ་དང་། རྒྱལ་ཁབ་ལ་སླར་ཡང་ཁོང་ཚོ་བརྒྱུད་དེ་གཏོང་ཡོང་དང་སྲི་ཞུ་བསྒྲུབ་ཀྱི་ཡོད་བོད་ཀྱི་དགོན་སྡེ་ཁག་ནི་ཤེས་ཡོན་སློབ་གྲ་ྭདང་། གཙུག་ལག་སློབ་གཉེར། ལག་ཤེས་སྒྱུ་རྩལ། བཟོ་རྐོས་དང་བོད་སྨན་སོགས་ཀྱི་ལྟེ་གནས་ཤིག་ཡིན་ལ། སྒྲིག་ཁྲིམས་དམ་ཞིང་དྲང་བའི་བོད་ཀྱི་སློབ་གསོ་དང་ཤེས་ཡོན་གྱི་ནང་དོན་སྙིང་པོ་དང་། བོད་རིགས་མི་མང་གི་རྒྱུན་སྲོལ་འཚོ་བ་བསྐྱལ་སྟངས་ཀྱི་དཔེ་མཚོན་ཞིག་ཀྱང་ཡིན། ཁོང་ཚོས་ད་དུང་བོད་གཞུང་གི་ཞབས་རིམ་སྒྲུབ་རྒྱུ་སོགས་ཆོས་ཕྱོགས་ཀྱི་བྱ་བ་སྣ་ཚོགས་ཀྱང་སྒྲུབ་གནང་གི་ཡོད།
བོད་རྙིང་པའི་སྐབས། ས་ཞིང་བདག་ཏུ་བཟུང་བའི་རྒྱ་ཁྱོན་བསྡུར་ཚད་ཆེ་ཤོས་ནི་རྒྱལ་ཁབ་ཀྱི་ཐད་ཀར་དོ་དམ་འོག་ཡོད་པའི་གཞུང་རྒྱུགས་པ་ཞེས་པའི་ཞིང་པ་(ཁྲལ་པ་)རྣམས་ཡིན་པ་དང་། འདི་ནི་སྲིད་གཞུང་གི་ཡོང་བབས་ཀྱི་ཡོང་ཁུངས་ཆེ་ཤོས་ཤིག་ཡིན། ཁྲལ་རིགས་འདིེ་དག་ནང་ཕལ་ཆེ་བ་ཐོན་རྫས་བལ་དང་། འབྲུ་རིགས། ཤ་མར་ལ་སོགས་དངོས་པོ་འབུལ་དགོས་པ་དང་། དེ་མིན་ལས་མི་འུ་ལག་སྐུལ་ཏེ་ཤུགས་ལས་བྱས་ཏེ་གཞུང་ཁྲལ་འཇལ་ནའང་འཐུས་ཀྱི་ཡོད་པ་རེད།
བོད་དབུས་ཁུལ་གྱི་མི་འབོར་ནང་བརྒྱ་ཆ་བཟུང་ཚད་ཆེས་ཉུང་ཤས་ཤིག་ཡོད་པ་ཁོང་ཚོ་ནི་ས་ཞིང་བོགས་མ་ལེན་མཁན་གྱི་དུད་ཆུང་རྣམས་ཡིན། ཁོང་ཚོས་སྡེ་དཔོན་མི་དྲག་དང་། དགོན་པ་སོགས་ནས་ས་ཞིང་བུན་གཡར་ལེན་ནས་དེ་དག་ལ་དངོས་པོ་དང་། ངལ་རྩོལ་གང་རུང་རྒྱུད་ས་གླ་སྤྲོད་ཀྱི་ཡོད། དེའི་སྐོར་སྐུ་ཞབས་་རན་སི་མི་ཐིས་ཉམས་ཞིབ་བྱས་ཏེ་གསུངས་པར་གཞིགས་ན། བོགས་མ་ལེན་མཁན་གྱི་ཞིང་པ་རྣམས་དཔལ་འབྱོར་གང་ཙམ་ཡག་པོ་ཡོད་པ་མ་ཟད། སྐབས་རེ་སྡེ་དཔོན་མི་དྲག་ལ་ཕར་བུ་ལོན་གཡར་ཐུབ་པ་དེ་འདྲ་བྱུང་འདུག་ཁོང་ཚོར་ཁྲིམས་ལུགས་ཀྱི་ཐོབ་ཐང་ཆ་ཚང་ཡོད་ཅིང་། སྐབས་རེ་རྫོང་གཞིས་སྡེ་དཔོན་ཁྲིམས་ལ་གཏུགས་སྐབས། ཐ་མའི་ཐག་གཅོད་༸གོང་ས་མཆོག་ནས་གནང་གི་ཡོད་པ་རེད།”
ལམ་ལུགས་གང་འདྲ་ཞིག་ལའང་སྐྱོན་མེད་འཐུས་སྒོ་ཚང་བ་ག་ནས་ཡོང་། རྒྱ་ནག་དམར་གཞུང་གིས་བཙན་འཛུལ་མ་བྱས་གོང་གི་བོད་ཀྱི་ཁྲིམས་ལུགས་འཛིན་སྐྱོང་ཡང་དེ་དང་འདྲ་བ་རེད། བྱ་སྤྱོད་ཐལ་དྲག་པའི་རྫོང་གཞིས་ལས་སྣེ་འགའ་ཤས་ཀྱིས་ལུགས་མཐུན་དྲང་པོ་མ་བྱས་པའི་དབང་གིས་མི་སེར་འགའ་ཞིག་ལ་སྡུག་གྱོང་ཕོག་པ་དང་། དཀའ་ངལ་འཕྲད་ཡོད་པ་རེད། འོན་ཀྱང་སྤྱི་ཡོངས་ནས་བལྟས་ན། དེ་སྔའི་བོད་ཀྱི་འཛིན་སྐྱོང་མ་ལག་དེས་བོད་མི་དབུལ་ཕྱུག་གཉིས་ཀར་དེ་མཚུངས་ཁེ་ཕན་བྱུང་ཡོད་པར་གདོན་མི་ཟ། བོད་ཀྱི་ལོ་རྒྱུས་ནང་མུ་གེ་རྩ་བ་ནས་བྱུང་མེད་པ་མ་ཟད། ལམ་ཁར་ལྟོ་སློང་མཁན་ཡང་ཉུང་ཤས་ལས་མེད།
དེར་བརྟེན”སྤྱི་ཚོགས་སྙིང་པའི་བོད་དེ་རྗེས་ལུས་དང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཤིག་”རེད་ཅེས་རྗོད་བཞིན་པ་ནི་རྒྱ་མི་རིགས་ཆེན་པོའི་གཅིག་སྡུད་ཀྱི་མཚོན་བྱེད་དང་། རྒྱ་ནག་དམར་གཞུང་གིས་རང་གི་ཆབ་སྲིད་དགོས་དབང་དང་བསྟུན་ནས་བོད་ཀྱི་ལེགས་བྱང་ལ་མི་བདེན་འཁྱོག་བཤད་བྱས་པའི་རྫུན་གཏམ་འབའ་ཞིག་རེད།
བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་མུ་གེ་ཐོག་མ་དེ་ཕྱི་ལོ་ ༡༩༥༩ ནས་ ༡༩༦༡ བར་རྒྱ་དམར་གཞུང་གི་འགོ་ཁྲིད་འདས་པོ་མའོ་ཙེ་ཏུང་གིས་སྤེལ་བའི་གཞི་རྒྱ་ཆེ་བའི་བསམ་མེད་སྱོན་པའི་ལས་འགུལ་མདུན་མཆོངས་ཆེན་མོ།(Great Leap Forward)ཞེས་པའི་ལས་འགུལ་སྐབས་བྱུང་བ་རེད། ལས་འགུལ་དེས་དཔལ་འབྱོར་ལ་ཕྱོགས་ཡོངས་ནས་གོད་ཆགས་ཆེན་པོ་བྱུང་ཏེ་ཉུང་མཐར་རྒྱ་ནག་དང་། བོད་གཉིས་ཀྱི་ནང་མི་གྲངས་ས་ཡ་ ༣༦ ལྷག་ཙམ་གྱིི་ཚེ་སྲོག་ཤོར་བ་རེད། མའོ་ཙེ་ཏུང་གི་འགོ་ཁྲིད་པའི་རྒྱ་ནག་གཞུང་གིས་མི་དམངས་སྤྱི་ཁང་(ཀུང་ཧྲེ)ཞེས་པ་བཙུགས་པ་དེས། སྐབས་དེའི་མུ་གེའི་གནས་སྟངས་ཇེ་སྡུག་ཏུ་བཏང་ཡོད་པར་བརྟེན། རྒྱ་ནག་ནང་ཁ་རི་ཁ་ཐུག་གིས་སྐྱོན་བརྗོད་བྱེད་མཁན་རྒྱ་རིགས་རང་དབང་གི་རྩོམ་པ་པོ་ལིའུ་ཤའོ་པོ་ཡི་བཤད་པ་ལྟར་ན། “མི་ས་ཡ་མང་པོ་ཚེ་གཡོག་བྲན་གཡོག་ལྟ་བུར་བཟོས་པ་རེད།” རྒྱ་ནག་ནང་རང་དབང་མེད་ལ། སྒེར་ལ་བདག་པའི་རྒྱུ་ནོར་མེད་པ་མ་ཟད། སྒེར་གྱི་རང་དབང་དང་་བརྗོད་ཀྱི་རང་དབང་ལ་ཐ་གཅིག་ཏུ་གཞུང་གིས་ཚོད་འཛིན་བྱེད་ཀྱི་ཡོད་སྟབས། མི་དམངས་རྣམས་དུས་རྟག་ཏུ་འཇིགས་སུ་རུང་བའི་རྨི་ལམ་འཚུབ་པོ་ཞིག་གི་ནང་སྡོད་དགོས་ཀྱི་ཡོད་པ་རེད།
དེང་དུས་རྒྱ་ནག་ནང་གཞུང་གིས་གཞི་རྒྱ་ཆེན་པོས་དྲག་གནོན་བྱེད་པའི་ལག་པ་དེ་བས་རིང་དུ་ཕྱིན་ཡོད། ཕེའི་མིན་ཤིན་གྱིས་བྲིས་པའི་ དཔྱད་རྩོམ་ཞིག་གི་ནང་། “རྒྱ་ནག་གི་དཔལ་འབྱོར་གྲུབ་འབྲས་དེའི་ནང་མི་མངོན་པའི་ལེ་ཉིན་རིང་ལུགས་ཀྱི་རྒྱལ་ཁབ་གསར་པའི་གཞི་རྩའི་ཞན་ཆ་དང་། པེ་ཅིན་སྲིད་གཞུང་གི་སྲིད་དབང་སྒེར་གཅོད་ཀྱི་ཆབ་སྲིད་སྐྱེ་འཕེལ་འགྲོ་བཞིན་པ་དེས། ཕྱོགས་ཁག་མ་རྩའི་རིང་ལུགས་དང་། ཉེན་ཚབ་ཆེ་བའི་ལྐོག་ཟ་རུལ་ཟུང་། དབུལ་ཕྱུག་དབར་འདྲ་མཉམ་མེད་པའི་ཁྱད་པར་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད་པ་བཅས་ཀྱིས་རང་ཉིད་ཕུང་པའི་སྟོབས་ཤུགས་མཉམ་བསྲེས་བསྡུ་གསོག་རྒྱག་གི་ཡོད་པ་རེད།”ཅེས་བྲིས་འདུག རྒྱ་ནག་དེ་ད་ཆ་འཛམ་གླིང་ནང་ནས་དབུལ་ཕྱུག་གཉིས་ཀྱི་དབར་བར་ཐག་ཆེ་ཤོས་གྲས་ཀྱི་རྒྱལ་ཁབ་གཅིག་ཏུ་གྱུར་ཟིན་པ་རེད
གུང་ཁྲན་ཏང་གིས་རྒྱ་ནག་ནང་གི་རྒྱལ་ཁབ་ཀྱི་བཟོ་ལས་ཀྱི་གཏན་འཇགས་མ་རྩ་ཕྱེད་ལྷག་ཙམ་་བདག་འཛིན་བྱས་ཡོད། གལ་གནད་ཆེ་བའི་རླངས་འཁོར་བཟོ་ལས་དང་། རང་བྱུང་ཐོན་ཁུངས། ཏར་འཕྲིན་དང་ནུས་པའི་འབྱུང་ཁུངས་སོགས་སྒེར་དོམ་བྱས་ཡོད། རྒྱ་ནག་དམར་ཤོག་ཚོགས་པས་དཔལ་འབྱོར་གྱི་ནུས་ཤུགས་བེད་སྤྱད་དེ། ཚོང་འབྲེལ་གྱི་གན་རྒྱ་ཤུགས་ཆེ་བ་ཁོ་པ་ཚོས་རྒྱབ་སྐྱོར་བྱས་པའི་དཔོན་རིགས་དང་ཚོང་པ་ཁག་གཅིག་ལ་སྤྲད་ཡོད་པ་རེད། བརྗོད་ཚུལ་གཞན་ཞིག་ནས་བཤད་ན། པེ་ཅིན་གཞུང་གིས་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ལག་བསྟར་བྱས་ཏེ། ཁོ་པ་ཚོས་འདེམས་སྒྲུག་བྱས་པའི་མི་ཁག་གཅིག་ལ་རྒྱུ་ནོར་ཕོན་ཆེ་སྤྲད་པ་དང་། དེ་བྱིངས་མི་མང་ཕལ་ཆེ་བ་དབུལ་ཕོངས་ཀྱི་གནས་སུ་གྱར་ཏེ། རྟག་དུ་དབང་འཛིན་པ་ཚོར་མི་འདོད་པར་ཁོང་ཁྲོ་ལངས་ནས་བསྡད་ཡོད་པ་རེད།
པེ་ཅིན་གཞུང་གིས་བོད་ནང་བཞག་པའི་ལག་རྗེས་ནི་དེ་བས་ཐབས་སྡུག་མི་རྣམས་བློ་ཕམ་སྐྱེ་དགོས་པ་ཞིག་རེད། འདས་པའི་ལོ་ལྔ་བཅུའི་ནང་བོད་ཀྱི་སྲོལ་རྒྱུན་གྱི་རང་ཁ་རང་གསོའི་འཚོ་ཐབས་དེ། མ་རྩ་རིང་ལུགས་ཀྱི་ཕྱི་གོས་གྱོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཙན་གནོན་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ལེ་ཉིན་སྐབས་འཚོལ་རིང་ལུགས་གསར་པའི་སྱིན་པ་གཏོང་ཡུལ་ཞིག་ཏུ་གྱར་ཡོད། བོད་མི་མང་རྣམས་སོ་སོའི་ས་ཞིང་དང་། རང་བྱུང་གཏེར་དངོས་ཧ་ཅང་འབོར་ཆེན་རྣམས་བཙན་གནོན་འོག་མིག་གི་མཐོང་མཐོང་བར་འཕྲོག་བཅོམ་བྱས་པ་དང་། ཁོང་ཚོའི་རིག་གཞུང་རྣམས་གསོ་ཐབས་མེད་པའི་གཏོར་བཤིག་བཏང་ཡོད། ཤེས་ཡོན་ཅན་དང་། ཞིང་འབྲོག་མི་མང་སུ་འདྲ་ཞིག་གིས་གཞུང་གི་སྲིད་ཇུས་ལ་མོས་མཐུན་མེད་པའི་ངོ་རྒོལ་བྱེད་མཁན་རྣམས་ལ་ཡ་ང་སྙིང་རྗེ་སྤ་ཙམ་མེད་པའི་རྡུང་རྡེག་བཏང་སྟེ། གར་སོང་ཆ་མེད་དུ་གྱུར་བ་དང་། ཡུན་རིང་བཙོན་འཇུག་བྱེད་པ། སྲོག་ཐོག་བཅས་གཏོང་གི་ཡོད་པ་རེད།
ཐོག་མར་”དམངས་གཙོའི་བཅོས་འགྱུར་” བཏང་བ་ནས། ཕྱི་ལོ་ ༢༠༠༩ ནང་”ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་ཀྲོལ་བཏང་བའི་ཉིན་མོ།”ཞེེས་རྫུན་བཟོ་བྱས་པ་བཅས་ཀྱི་དབར། པེ་ཅིན་གཞུང་གིས་ཞིབ་ཚགས་ཆེ་བའི་སྲིད་བྱུས་དང་། བཀས་བཀོད། སློབ་སྟོན་བྱེད་ཕྱོགས་སོགས་མང་དག་ཅིག་གཏན་འབེབས་བྱས་ཏེ། བོད་རིགས་རྣམས་དུས་རྟག་ཏུ་ཁ་ལ་ཉན་པའི་མི་སེར་ཞིག་བཟོ་རྒྱུའི་རེབ་བཅངས་ཡོད་པ་རེད།
དེར་བརྟེན། འཇམས་དབྱངས་ནོར་བུས། ”ད་ལྟའི་བོད་འདི་ཡ་ང་སྙིང་རྗེ་མེད་པའི་ཏར་ུནདངོས་ཡོད་རིང་ལུགས་ཀྱི་གྲིབ་ནག་འོག་ཚུད་དེ། གསང་སྙན་སྤྲོད་མཁན་ལ་བྱ་དགའ་ཡོད་པའི་གསང་བའི་མྱུལ་མ་དང་། བརྩིགས་ཞེང་མཐོ་བའི་བཙོན་ཁང་། མནར་གཅོད། དམར་གསོད། ལས་མེད། མི་རིགས་དབྱེ་འབྱེད། རིག་གཞུང་རྩ་མེད། མི་སྒེར་གྱི་ཁྱིམ་ཚང་ནང་འཚེ་བའི་འཇབ་རྒོལ་ག་དུས་ཕོགས་མི་འོང་བའི་དངངས་སྐྲག་གིས་བོད་མི་རྣམས་ཀྱི་སེམས་ནང་མ་འོངས་པར་རེ་བ་གྲལ་བའི་གནས་སྟངས་སུ་གྱུར་ཡོད་པ་རེད།” ཅེས་བྲིས་ཡོད་པ་རེད། འདི་ནི་བོད་ཀྱི་ཉིན་རེའི་འཚོ་བའི་དངོས་ཡོད་གནས་སྟངས་ངོ་མ་འདི་ཡིན། འདི་དང་པེ་ཅིན་གཞུང་གི་དུས་དེབ་གསར་ཤོག་ཁག་ནང་། མཛུམ་གདངས་ཀྱི་ཁེངས་པའི་འབྲོག་པས་མཛེས་པའི་སྤངས་ལྗོངས་དཀྱིལ་དུ་བར་སྣང་ལ་འཐམ་འཁྱུད་བྱེད་པ་དང་། གྲོང་ཁྱེར་ནང་ཐོག་བརྩེགས་ཅན་གྱི་ཁང་པས་གྲལ་བསྟར་སྒྲིག་པའི་མཛེས་ལྗོངས་ཀྱི་མཚོན་ཁྲ་ཅན་གྱི་དཔར་རིས་བཀོད་དེ་དྲིལ་བསྒྲགས་བྱས་པ་དང་རྩ་བ་ནས་མི་འདྲ་བ་རེད།
འཆམ་མཐུན་གྱི་ཁ་དང་། དཀྲོག་གཏམ་གྱི་རོལ་ཆ་རུ་ཁག
པེ་ཅིན་གྱི་བོད་སྐོར་དྲིལ་བསྒྲགས་བྱེད་པའི་ལས་འཆར་ནི། རྫ་མ་རྙིང་པའི་ནང་ཆང་སྙིང་པ་བླུགས་པ་ལྟར། དུས་རབས་ཕྱེད་ཁ་ལྷག་ཙམ་རིང་རྒྱ་ནག་གཞུང་གིས་སྤྱི་ཚོགས་རྙིང་པའི་བོད་དེ་ཆེས་གདུག་རྩབ་དང་། མུན་ནག རྗེས་ལུས། ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་རེད་ཅེས་རྩོམ་བརྒྱ་དོན་གཅིག་ལྟར་རྫུན་གཏམ་ཁོ་ན་ཤོད་བཞིན་པ་རེད། ཉེ་དུས་ནས་བཟུང་། དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པ་དང་། རྒྱ་ནག་གཞུང་གི་གོ་གནས་ཆེན་པོ་ཡོད་པའི་ལས་བྱེད་པ་བོད་རིགས་ཉུང་ཤས་ཤིག་ལ་རྫུན་གཏམ་དེ་དག་ཤོད་རྒྱུའི་ལས་འགན་སྤྲད་ཡོད་པ་རེད།
རྒྱ་ནག་བོད་རིག་པའི་ཉམས་ཞིབ་ལྟེ་གནས་ཁང་གི་འགོ་ཁྲིད་ལྷག་པ་ཕུན་ཚོགས་ཀྱིས། སྤྱི་ཚོགས་རྙིང་པའི་བོད་ནང་མི་འབོར་བརྒྱ་ཆ་ལྔ་ལས་མེད་པའི་ཞིང་བྲན་བདག་པོའི་གྲལ་རིམ་གྱིས་ས་ཞིང་དང་རྩྭ་ས་ཡོངས་རྫོགས་ཁོ་ཚོས་བདག་ཏུ་བཟུང་ནས། མི་འབོར་གྱི་བརྒྱ་ཆ་དགུ་ཅུ་གོ་ལྔ་ཡན་གྱིས་ཞིང་བྲན་ཚོའི་རང་དབང་ཚང་མ་ཁོ་ཚོས་ཚོད་འཛིན་བྱེད་ཀྱི་ཡོད་པ་རེད།བྱབྱ ཅེས་བཤད་འདུག བོད་རང་སྐྱོངས་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་འཛིན་གཞོན་པ་སྐར་མས། ཏཱ་ལའི་རུ་ཚོགས་ཀྱིས་རྒྱལ་སྤྱིའི་ཐོག་གདུག་རྩབ་ཆེན་པོས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་ཚིག་མཚོན་འདེབས་གང་ཐུབ་བྱེད་པ་དང་། རྒྱལ་ནང་དུ་མུ་མཐུད་དེ་ཁ་བྲལ་གཏོར་བཤིག་གི་ལས་འགུལ་སྤེལ་རྒྱུའི་ཇུས་ངན་བཤམས་ཏེ་དུས་དང་རྣམ་པ་ཀུན་དུ་བོད་ནང་ཆེས་ལོག་སྤྱོད་དང་། མུན་ནག ཀླ་ཀློ། རྗེས་ལུས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་རྒྱུའི་རྨི་ལམ་གཏོང་གི་ཡོད་པ་རེད་བྱབྱ ཅེས་བཤད་འདུག རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་རག་དིས་ཀྱིས། སྤྱི་ཚོགས་རྙིང་པའི་སྐབས་ཏཱ་ལའི་དང་དེའི་རྗེས་འབྲངས་པ་ཚོ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་། ལྷ་དབང་སྒེར་གཅོད་ཀྱི་སྤྱིའི་ངོ་ཚབ་རེད་”ཅེས་བཤད་འདུག་ཅིང་། ད་དུང་ལྷག་པ་ཕུན་ཚོགས་ཀྱིས། དེ་རིང་བོད་ནང་འཚོ་བ་བསྐྱལ་བཞིན་ཡོད་པའི་རྒྱ་ཆེའི་ཡར་ལངས་ཞིང་བྲན་དང་ཁོང་ཚོའི་མི་རབས་རྗེས་མ་རྣམས་ཀྱིས། བོད་མི་མང་རྣམས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོབས་བྱེད་མཁན་སུ་ཡིན་དང་། བོད་མི་མང་གི་བདེ་སྐྱིད་འཚོ་བར་གཏོར་བཤིག་གཏོང་མཁན་སུ་ཡིན་པ་གསལ་པོ་ཤེས་ཀྱི་རེད་”ཅེས་བཤད་འདུག་ཀྱང་། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ནང་བོད་ས་ཡོངས་སུ་གཞིས་ལུས་མི་མང་གིས་ཞི་བའི་ངོ་རྒོལ་རྒྱ་ཆེན་བྱས་པའི་ལམ་ནས་སུ་ཞིག་ཁོང་ཚོའི་རྩ་བའི་ཁེ་ཕན་སྲུང་སྐྱོབས་བྱེད་མཁན་ཡིན་པ་དང་། སུ་ཞིག་ཁོང་ཚོའི་བདེ་སྐྱིད་ཀྱི་འཚོ་བ་གཏོར་བཤིག་གཏོང་མཁན་ཡིན་པ་དེ་གསལ་གསལ་ཐིང་ཐིང་གིས་གསལ་སྟོན་བྱས་ཡོད་པ་རེད།
ལྷག་པ་ཕུན་ཚོགས་དང་། སྐར་མ། རག་དི་བཅས་ཀྱིས་དམར་ཤོག་ཚོགས་པས་བཟོས་པའི་རྫུན་གཏམ་ཁོ་ན་སྐོར་བ་བརྒྱབ་ནས་བཤད་དེ། པེ་ཅིན་དུ་ཡོད་པའི་བོད་ཀྱི་དངོས་ཡོད་གནས་ཚུལ་མ་ཤེས་མཁན་གྱི་ཁོ་པ་ཚོའི་འགོ་ཁྲིད་རྣམས་དགའ་བཅུག་གི་ཡོད་པ་རེད།
དེར་བརྟེན་བོད་ནང་ཡོད་པའི་གཞོན་སྐྱེས་མདོ་སྨད་རྩོམ་པ་པོ་ཀུན་དགའ་ཚངས་དབྱངས་ཀྱིས། “ང་ཚོའི་སེམས་ནང་གི་མེ་ལྟར་འབར་བའི་སེམས་ཤུགས་གཅོག་ཐུབ་ན་མ་གཏོགས། ཁྱོད་ཀྱི་འབྲས་བུ་མེད་པའི་བྱ་བ་གང་འདྲ་ཞིག་སྤེལ་ན་ཡང་། དེས་ང་ཚོའི་ཆིག་སྒྲིལ་དང་བརྩེ་སེམས་ཀྱི་ནུས་པ་ཇེ་ཆེར་འཕེལ་ཐུབ།” ཅེས་བློ་སྟོབས་ཆེན་པོའི་ངང་བྲིས་ཡོད་པ་བརྟེན། ཀུན་དགའ་ཚངས་དབྱངས་ལ་རྒྱ་ནག་གཞུང་གིས་ལོ་ལྔའི་བཙོན་འཇུག་གི་ཉེས་པ་བཏང་ཡོད་པ་རེད།༥
དེ་ལྟ་བུའི་བོད་མིའི་སེམས་ནང་གཏིང་ཟབ་པའི་བསམ་བློའི་འཁྱེར་བཟོ་དང་མི་རིགས་ཀྱི་ལ་རྒྱ་ཤུགས་ཆེན་ཡོད་པ་དེས། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་གཞི་རྩའི་ཐོབ་ཐང་དང་རང་དབང་ཐོག་ཡང་དག་པའི་སྲིད་བྱུས་སྤེལ་མ་ཐུབ་པའི་རྒྱུ་མཚན་ལ་ཐུག་གི་ཡོད་པ་མཚོན་པ་རེད།
སློབ་དཔོན་ཆེན་པོ་ཨེ་ལི་ཌི་སི་པར་ལིང་ Professor Elliot Sperling(Far Eastern Economic Review) གིས་རྒྱལ་སྤྱིའི་ནང་སྙན་གྲགས་ཅན་གྱི་དུས་དེབ་ཕྭ་ཨེ་སི་ཀྲིན་ཨི་ཁོ་ནོ་མིག་རི་འུ་ཅེས་པའི་ནང་། “རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མས་བོད་དུ་ལོག་འདོད་བྱེད་པ་དེ་ནི་བོད་ཀྱི་ཞིང་བྲན་ལམ་ལུགས་བསྐྱར་བཟོ་བྱ་རྒྱུའི་བྱུས་ངན་རེད་ཅེས་དྲིལ་བསྒྲགས་བྱེད་པའི་ནང་དོན་གཙོ་བོ་དེ་བཅོས་མའི་སྒྲུང་གཏམ་རེད།” ཅེས་བྲིས་ཡོད་པ་རེད།
གནད་དོན་འདི་བོད་མི་ས་ཡ་དྲུག་གི་རང་དབང་གི་ཆེད་དུ་ཡིན་པ་ལས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་སྒེར་གྱི་ཐོབ་ཐང་དང་མཚན་སྙན་གྱི་ཆེད་དུ་མ་རེད། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས། གཞི་རྩའི་འདྲ་མཉམ་གྱི་དབང་ཆའི་ཐོག་མང་གཙོ་དང་། ཕྱི་གསལ་ནང་གསལ། ཞི་བདེའི་བོད་གཅིག་འཛུགས་གཉེར་བྱས་ཏེ། བོད་མི་རྣམས་མི་གཞན་གྱི་བཀོད་པའི་འོག་བསམ་བློ་གཏོང་རྒྱུ་དང་། སྐད་ཆ་ཤོད་རྒྱུ། བྱ་སྤྱོད་སྤེལ་རྒྱུ་མ་ཡིན་པར། རང་དབང་ངང་གནས་ཐུབ་རྒྱུ་དེའི་ཆེད་དགོས་འདུན་བཏོན་གནང་གི་ཡོད་པ་རེད།༦
དམར་ཤོག་ཚོགས་པའི་འོག་སྐུ་དྲག་གསར་པ།
ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་བའི་ངོ་རྒོལ་རྒྱ་ཆེ་བྱུང་བའི་རྗེས་སུ་པེ་ཅིན་དུ་ཡོད་པའི་ཀུང་མིང་ཁྲིམས་ལུགས་ཉམས་ཞིབ་ལྟེ་གནས་ཁང་(Gongmeng Law Research Centre / Open Constitution Initiative)གིས་བོད་ནང་ཉམས་ཞིབ་པ་བཏང་ནས་ངོ་རྒོལ་བྱེད་དགོས་པའི་གཞི་རྩའི་རྒྱུ་རྐྱེན་ཇི་ཡིན་ཤེས་རྟོགས་བྱུང་ཡོད་པ་རེད། བློ་སྟོབས་ཆེ་ཞིང་ལོ་རྒྱུས་རང་བཞིན་གྱི་སྙན་ཐོའི་མཇུག་བསྡོམས་ནང་གསལ་ལ་གཞིགས་ན། བོད་ཁུལ་དུ། ས་ཁུལ་མང་ཆེ་བའི་ནང་ས་གནས་ཀྱི་འགོ་ཁྲིད་པ་དང་། ས་ཁུལ་དེའི་ནང་ཡོད་པའི་མཐོ་རིམ་མི་སྣ་དེ་དག་སྣ་མང་རྙོག་འཛིངས་ཆེ་བའི་མཉམ་མཐུན་གྱི་འབྲེལ་བ་ཡོད་པར་བརྟེན་ནས། ས་གནས་ཀྱི་དབང་ཆ་གླ་ས་བཙལ་བ་དང་འཛིན་སྐྱོང་གི་ནུས་པ་ཞན་པ་བཅས་འཆར་ཅན་ལྟ་བུ་ཡིན་” ཞིང་། འདི་ལྟར་ས་གནས་ཀྱི་དམར་ཤོག་ཚོགས་པའི་མཐོ་རིམ་ལས་བྱེད་དང་། ཁེ་དབང་ཅན་གྱི་ཤོག་ཁག་དབར་ངན་པ་ལག་འབྲེལ་བྱས་ཏེ། སྐུ་དྲག་གསར་པའི་གྲལ་རིམ་བྱབྱཞིག་ཆགས་ཡོད་པ་རེད་ཅེས་བཀོད་འདུག སྙན་ཐོ་དེའི་ནང་ད་དུང་། བོད་རྙིང་པའི་སྐུ་དྲག་དང་མི་འདྲ་བར། སྐུ་དྲག་གསར་པ་དེ་དག་གི་ཁྱད་ཆོས་ནི། ཁོང་ཚོར་ཁྲིམས་མཐུན་གྱི་གོ་གནས་མཐོན་པོ་འཛིན་ཡོད་པ་དང་། རྙོག་འཛིངས་ཆེ་བའི་སྤྱི་ཚོགས་ཀྱི་ཐོན་ཁུངས་ཡོད་པ་དེས། སྟོབས་ཤུགས་ཆེན་པོ་ཆགས་ཡོད་པ་མ་ཟད། ཁོང་ཚོའི་དབང་ཆ་མང་ཆེ་བ་རྒྱ་ནག་དབུས་གཞུང་གི་ངོས་ལེན་བྱས་པའི་ཕྱིའི་ཡོང་ཁུངས་ཀྱི་ཁྲིམས་མཐུན་རང་བཞིན་ཡོད་པར་བརྟེན། ཁོ་ཚོས་རྒྱ་ནག་དབུས་གཞུང་ལ་དེ་བས་ལྷག་བསམ་རྣམ་དག་ཞུ་ཡི་ཡོད་པ་རེད།” ཅེས་བཀོད་འདུག བོད་ཀྱི་སྲོལ་རྒྱུན་གྱི་སྒྲོམ་གཞི་དང་། འཚོ་བ་བསྐྱལ་སྟངས་དེ་དག་ཁྱོན་ཡོངས་ནས་གཏོར་བཤིག་བཏང་སྟེ། སྤྱི་ཚོགས་ཀྱི་ཐོན་ཁུངས་ཚང་མ་པེ་ཅིན་དང་སྐུ་དྲག་གསར་པ་དེ་ཚོས་སྒེར་འདོམ་བྱས་ཟིན་པར་བརྟེན། བོད་མི་མང་ཆེ་བ་ཉིན་རེ་བཞིན་མ་བསྡད་པར་མཐའ་ཟུར་དུ་ཕུད་པ་རེད། འདི་ནི་བོད་མི་རྣམས་རྒྱ་ནག་གསར་པའི་”ནང་གནས་པའི་ཡ་ང་བའི་ལས་དབང་ཡིན་ཞིང་། རྒྱ་ནག་དམར་གཞུང་དར་རྒྱས་ཆེན་པོ་བྱུང་བའི་སྐབས་སྐད་ཤུགས་ཆེན་པོས་འུད་སྒྲོག་བྱེད་པའི་འབྱོར་མེད་གྲལ་རིམ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་”ཞེས་པ་དེ་ད་ལྟའི་དམར་ཤོག་གི་དབང་འཛིན་པ་ཚོས་སྔ་ས་ནས་དོར་ཟིན་པ་རེད།
མཇུག་བསྡོམས།
རྒྱ་ནག་དམར་གཞུང་གིས་བོད་ལ་ཐོག་མར་བཙན་འཛུལ་བྱེད་སྐབས་དམངས་གཙོའི་བཅོས་བསྒྱུར་ཞེས་པའི་ལས་འགུལ་སྤེལ་ཏེ།” བོད་མིའི་ངོ་རྒོལ་ངོས་འཛིན་དང་མེད་པ་བཟོས་པ་དང་ཆབས་ཅིག་བོད་མིའི་རྒྱུན་གཏན་གྱི་འཚོ་བའི་ཐོག་མཐར་ཕྱིན་པའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ཚོད་འཛིན་བྱེད་ཐུབ་པ་བྱས་པ་རེད།” དུས་དེ་ནས་བཟུང་། རྒྱ་ནག་གཞུང་གིས”དེ་སྔའི་བོད(བོད་རྙིང་པ་)དེ་མི་ཡུལ་གྱི་དམྱལ་བ་ལྟ་བུའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་”ཞེས་པའི་བརྗོད་གཞི་འདི་ཚད་མར་རྩིས་ཏེ། བྱ་ངན་ངོ་བཟོ་འཁྱེར་བའི་དཔེ་ལྟར་ཁོང་ཚོ་རྒྱ་ནག་གཞུང་ནི་གཟི་བརྗིད་ཆེ་བའི་བཅིང་བཀྲོལ་གཏོང་མཁན་ཡིན་ཚུལ་འབུར་ཐོན་བཟོ་ཐབས་བྱས་ཡོད། འོན་ཀྱང་། བཅིངས་བཀྲོལ་གཏོང་མཁན་ཁོང་ཚོས་”སྐུ་དྲག་གསར་པ།” ཁག་གཅིག་གསོ་སྐྱོང་བྱས་པ་དེ་དག་གིས་མ་རྩ་འདང་ངེས་ཡོད་པའི་ཐོག་ནས་གུན་གསབ་གང་ཡང་རག་རྒྱུ་མེད་པའི་རྒྱ་ཆེའི་མི་མང་ལ་གཉའ་གནོན་བཤུ་གཞོག་གཏོང་གི་ཡོད་པ་རེད། གོང་གསལ་གྱི་གནས་ཚུལ་འདྲ་མིན་ཐོག་ནས། པེ་ཅིན་གཞུང་གིས་རྒྱུ་ནོར་གསར་པ་གང་ཐོབ་པ་དེ་དག་ལ་བརྟེན་ནས། དེང་རབས་ཅན་གྱི་གསར་འགྱུར་རྒྱུད་ལམ་ཁག་བརྒྱུད་དེ་འཁར་རྔ་རྡོལ་པ་རྡུང་ཞིང་འཁྲང་ཞི་རྙིང་པ་འཁྲབ་བཅུག་ནས་གུང་ཁྲན་ཏང་གི་ལངས་ཕྱོགས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་པེ་ཅིན་གཞུང་གིས་ཇི་ཙམ་ཁུངས་ལུང་མེད་ཅིང་དགོད་བྲོ་བའི་འཁྱོག་བཤད་དང་རྫུན་གཏམ་ག་ཚོད་ཡང་སྐོར་བསྐྱར་སྐོར་གྱིས་བཤད་ཀྱང་། ད་ལྟའི་དངོས་ཡོད་གནས་སྟངས་དེ་བོད་མི་རྣམས་ཀྱིས་སྙིང་ཁུང་རུས་པའི་གཏིང་དུ་བརྐོས་ཡོད་པ་ནམ་ཡང་ནག་བསུབ་གཏང་ཐུབ་ཀྱི་མ་རེད།