༢༠༡༣ ཟླ་ ༤ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །འདི་ག་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཡིག་ཚན་པའི་གསར་འགོད་པ་བསོད་ནམས་ཚེ་རིང་ལགས་ས་གནས་སུ་ཆེད་བཅར་གྱིས་གནས་ཚུལ་བཏང་འབྱོར་བྱུར་བའི་ནང་གསལ། ཌལ་ཧོར་བོད་མིའི་གཏན་འཇགས་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༥ ཉིན་གསར་འགོད་པས་སློབ་གྲྭ་འདི་གའི་རེག་ཊར་ཟླ་བ་ཚེ་རིང་ལགས་སུ་སློབ་གྲྭའི་སྐོར་བཅའ་འདྲི་ཞུས་པར་ཁོང་གིས་གསུང་དོན། སློབ་གྲྭ་འདི་ཕྱི་ལོ་ ༡༩༦༣ ལོར་དབུ་བརྙེས་ཤིང་སྐབས་དེ་དུས་སློབ་ཕྲུག་གི་གྲངས་འབོར་ཉུང་ཤས་ཤིག་ལས་མི་འདུག རིམ་བཞིན་སློབ་ཕྲུག་གི་གྲངས་འབོར་འཕེལ་རྒྱས་ཕྱིན་ཏེ་སྐབས་ཤིག་ལ་སློབ་གྲྭ་འདི་གཏན་སློབ་ཚང་མའི་ནང་ནས་གཤིས་སྤྱོད་གཙང་གསུམ་ཐོག་སྐད་གྲགས་བྱུང་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད། ད་ལྟའི་ཆར་ང་བོད་པའི་སྤྱི་ཚོགས་ནང་ཕྲུ་གུ་གསར་སྐྱེས་སོགས་ཀྱི་ཐོག་ཇེ་ཉུང་འགྲོ་བཞིན་ཡོད་སྟབས། ད་ལྟའི་ཆར་སློབ་གྲྭ་འདིར་སློབ་ཕྲུག་གྲངས་འབོར་ཧ་ཅང་ཉུང་ཉུང་ཡིན་ཞིང་སྔོན་འགྲོ་ནས་འཛིན་གྲྭ་ལྔ་པ་བར་ལོ་ཁ་ཤས་རིང་སྒོ་བརྒྱབ་ནས་དམའ་རིམ་མེད་པ་རེད།
འོན་ཀྱང་ས་གནས་ནང་འགན་ཁུར་ལེན་མཁན་ཚོས་ཤུགས་སྣོན་བརྒྱབ་སྟེ་ད་ལྟའི་ཆར་སྔོན་འགྲོ་དང་པོ་གཉིས་པ་སྒོ་ཕྱེ་ཐུབ་པ་བྱུང་ཡོད། འཛིན་གྲྭ་དང་པོ་བར་འཛིན་གྲྭ་འཚོགས་བཞིན་ཡོད། སྔོན་འགྲོ་གསུམ་དང་འཛིན་གྲྭ་དང་པོ་བར་ཁྱོན་བསྡོམས་སློབ་ཕྲུག་བཅུ་དྲུག་ཙམ་ཞིག་ཡོད། སྤྱིར་བཏང་སློབ་གྲྭའི་སློབ་ཕྲུག་གི་གྲངས་འབོར་ཉིས་བརྒྱ་བཞི་བཅུ་ཙམ་ཆགས་ཡོད། དེའི་ནང་ཉལ་ཁང་དུ་སྡོད་མཁན་སློབ་ཕྲུག་བརྒྱ་དང་དྲུག་ཅུ་དང་ཉིན་མོའི་སློབ་གྲྭར་བརྒྱད་ཅུ་ཡོད། ཉིན་སློབ་ནས་སློབ་ཕྲུག་ལྔ་བཅུ་རྒྱ་གར་གྱི་སློབ་ཕྲུག་ཆགས་ཡོད། དེ་བཞིན་དགེ་ལས་ཁྱོན་བསྡོམས་ ༣༦ ཡོད། དེའི་ནང་ནས་ ༢༦ རྒྱ་གར་གྱི་ལས་བྱེད་དང་ལྷག་འཕྲོས་བོད་རིགས་ཆགས་ཡོད། དེར་བརྟེན་མ་འོངས་པར་ང་ཚོས་རེ་བ་བཟང་ས་ཞིག་ནས་བརྒྱབ་སྟེ་བོད་མིའི་སྒྲིག་འཛུགས་ནས་རྩིས་བཞེས་ཀྱི་ཡོད་སྟབས། རིམ་བཞིན་སློབ་གྲྭ་འདི་ཡར་རྒྱས་འགྲོ་རྒྱུའི་རེ་བ་བྱེད་བཞིན་ཡོད། དེར་བརྟེན་ཤེས་རིག་གི་འཛིན་སྐྱོང་འོག་ནས་ཕྱིན་ན་སྔར་ལྷག་ཡར་རྒྱས་འགྲོ་རྒྱུའི་རེ་བ་བྱེད་བཞིན་ཡོད། སློབ་གྲྭ་འདི་འགོ་འཛུགས་ནས་ད་བར་སློབ་ཐོན་གྲངས་འབོར་གསལ་པོ་བརྗོད་ཐུབ་ཀྱི་མི་འདུག་ཀྱང་བཞི་སྟོང་ནས་ལྔ་སྟོང་བར་སློབ་ཐོན་བྱུང་འདུག་ཅེས་འགྲེལ་བརྗོད་གནང་བཞིན་འདུག
དེ་བཞིན་སློབ་གྲྭ་འདི་ཐོག་མར་འགོ་ཚུགས་སྐབས་རྡ་ས་བུ་གསོ་ཁང་དང་ཉེ་འཁོར་ཟུར་གསོག་ཁག་ནས་སློབ་ཕྲུག་རིམ་འབྱོར་གྱིས་ཕྱི་ལོ་ ༡༩༦༦ ནང་སློབ་ཕྲུག་གྲངས་ལྔ་བརྒྱ་བརྒལ་བ་བྱུང་ཡོད། ཐོག་མར་འཛིན་ཁང་དང་དེ་ནས་ཉལ་ཁང་སོགས་རིམ་བཞིན་གསར་རྒྱག་གི་ལས་གཞི་བརྩམས་ཏེ་ཕྱི་ལོ་ ༡༩༦༨ ལོ་ཙམ་ལ་འཛིན་ཁང་དང་ཉལ་ཁང་ཚང་མ་ལེགས་པར་གྲུབ་པ་མ་ཟད། སློབ་ཕྲུག་གི་གྲངས་འབོར་ཡང་ ༦༠༠ ལས་མང་བྱུང་འདུག ཕྱི་ལོ་ ༡༩༧༡ ལོར་ཀ་སྦུག་གཏན་སློབ་སྒོ་བརྒྱབ་ནས་སློབ་གྲྭ་དེའི་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་ཕྲུག་ཁག་གཅིག་འདི་གར་ཟླ་སྒྲིལ་བཏང་འདུག ཕྱི་ལོ་ ༡༩༧༢ ལོར་འཛིན་རིམ་བཅུ་གཅིག་གི་ཡིག་རྒྱུགས་གཏོང་མཁན་གྱི་སློབ་ཕྲུག་སྡེ་ཁག་དང་པོ་བྱུང་ཡོད།
ཕྱི་ལོ་ ༡༩༧༣ པན་ཆ་མ་རི་སློབ་གྲྭ་སྒོ་བརྒྱབ་ནས་འཛིན་རིམ་དགུ་པ་མན་གྱི་སློབ་ཕྲུག་ཁག་གཅིག་ཟླ་སྒྲིལ་བཏང་འདུག ཕྱི་ལོ་ ༡༩༧༨ ལོར་འཛིན་རིམ་བཅུ་གཉིས་སམ་གཞི་རིམ་གོང་མའི་ལམ་ལུགས་དེ་བཞིན་གསར་གཏོད་གནང་བ་ནས་བཟུང་ཕྱི་ལོ་ ༢༠༠༨ ལོ་བར་མུ་མཐུད་དེ་ཡིག་རྒྱུགས་བཏང་སྟེ་སློབ་ཐོན་པ་རྒྱུན་མ་ཆད་པར་བྱུང་ཡོད་པ་མ་ཟད། ད་ལྟའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནང་ཕྱག་ལས་གནང་མུས་ཡིན་འདུག ད་ལྟའི་ཆར་སློབ་གྲྭ་འདིར་འཛིན་ཁང་དང་། ཉལ་ཁང་། རྩེད་ཐང། དཔེ་མཛོད་ཁང་སོགས་ཕྱིའི་མཐུན་རྐྱེན་གང་ལེགས་ཡོད་ཀྱང་ཕྱི་ལོ་ ༢༠༠༣ ནས་བཟུང་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་ཕྱིན་པའི་རྐྱེན་གྱིས་འཛིན་གྲྭ་དང་པོ་ནས་ལྔ་པ་བར་སྒོ་རྒྱག་དགོས་ཀྱང་བྱུང་འདུག
ཕྱོགས་མཚུངས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༧ ཉིན་༸གོང་ས་མཆོག་ཌལ་ཧོར་གཏན་སློབ་ཏུ་༸ཞབས་སོར་འཁོད་རྒྱུ་དང་། དེ་ནས་ཆུ་ཚོད་ ༡༢།༣༠ ཐོག་ཌལ་ཧོར་གཏན་སློབ་ཏུ་ཆིབས་སྒྱུར་བསྐྱང་རྒྱུ་དང་། དེ་ནས་ས་གནས་འགོ་འཛིན་དང་གཏན་སློབ་འགོ་འཛིན་ཟུང་གིས་མགོན་པོ་གང་ཉིད་མཆོག་ལ་མནྜལ་རྟེན་གསུམ་དང་སློབ་གྲྭའི་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ་ཡིན་འདུག ཆུ་ཚོད་ ༡༢།༣༠ ནས་ ༢།༣༠ བར་བཀའ་ཆོས་སྩལ་རྒྱུ་དང་། དེ་ནས་ས་གནས་འཐུན་ཚོགས་དང་སློབ་ཟུར་རྣམས་ནས་བཀའ་དྲིན་གཏང་རག་གི་མནྜལ་འབུལ་ལམ་ཞུ་རྒྱུ་ཡིན་འདུག དེ་རྗེས་སློབ་ཟུར་བ་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༨ ཉིན་སློབ་གྲྭའི་ཐང་ཆེན་གྱི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་སློབ་ཕྲུག་རྣམས་པས་མགོན་པོ་གང་ཉིད་མཆོག་ཕེབས་བསུའི་ལམ་ནས་རུ་བསྟར་སྤྱན་འབུལ་ཞུས་རྗེས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་གཏོང་རྒྱུ་གྲུབ་མཚམས་བོད་བསྟན་སྲིད་ཆེད་རང་སྲོག་བློས་གཏོང་གནང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་ཞུ་རྒྱུ། དེ་ནས་དབུས་བོད་སློབ་འཛིན་ཚོགས་ཀྱི་འགོ་འཛིན་མཆོག་གི་ངོ་སྤྲོད་གསུང་བཤད་དང་། སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་རྒྱུ་ཡིན་འདུག དེ་ནས་༸གོང་ས་མཆོག་གིས་ཌལ་ཧོར་སློབ་གྲྭ་འགོ་ཚུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དེབ་(souvenir)ཞེས་པ་དབུ་འབྱེད་མཛད་རྒྱུ་དང་།
དེ་བཞིན་རྒྱ་གར་བ་ Dr.Sanjay Kumar Dhiman ལགས་ཀྱི་དེབ་༸གོང་ས་མཆོག་གི་དབུ་འབྱེད་མཛད་རྒྱུ་ཡིན་འདུག དེ་ནས་སློབ་ཟུར་ཚོགས་པའི་འགན་འཛིན་ནས་༸གོང་ས་མཆོག་ལ་ཤིས་ཤོག་འབུལ་ལམ་ཞུ་རྒྱུ་དང་དེ་ནས་སློབ་ཟུར་བ་རྣམས་ནས་རྒྱ་གར་གཞུང་དང་མི་མང་ཐུགས་ལེགས་འབུལ་གྱི་ཕྱག་རྟགས་འབུལ་རྒྱུ་ཡིན་འདུག དེ་ནས་སློབ་ཟུར་བ་རྣམས་ཀྱིས་ཟམ་གདོང་རིན་པོ་ཆེ་མཆོག་ལ་འབུལ་རྒྱུའི་ཕྱག་རྟགས་དེ་བཞིན་༸གོང་ས་མཆོག་གིས་གསོལ་རས་སྩལ་རྒྱུ་ཡིན་འདུག དེ་ནས་སློབ་གྲྭའི་སློབ་ཕྲུག་སོགས་ནས་ལོ་ལྔ་བཅུ་འཁོར་བའི་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུ་རྒྱུ་དང་ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་ཁུལ་དེར་ཡོད་པབ་ལིག་སློབ་གྲྭར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༩ ཕྱིན་༸གོང་ས་མཆོག་ཌལ་ཧོར་ནས་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག ༸གོང་ས་མཆོག་ཕྱི་ལོ་ ༡༩༦༠ དང་ ༦༣ ། ༦༧ །༨༨ བཅས་སོ་སོར་སློབ་གྲྭ་དེར་ཆིབས་སྒྱུར་བསྐྱངས་འདུག་པ་མ་ཟད། ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༤ སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཀྱང་ཕེབས་འདུག ཕྱི་ཚེས་ ༢༩ ཉིན་སྲིད་སྐྱོང་མཆོག་དང་ཟམ་གདོང་རིན་པོ་ཆེ་མཆོག་སོགས་ཀྱི་གསུང་བཤད་གནང་རྒྱུ་ཡིན་འདུག
ཌལ་ཧོར་བོད་མིའི་གཞིས་ཆགས་སམ་ཌལ་ཧོར་བོད་མིའི་སྡོད་སྒར་འདི་རྒྱ་གར་བྱང་ཕྱོགས་ཧི་མ་ཡའི་རི་རྒྱུད་ (H.P.Chamba) ཅམ་པ་རྫོང་གི་ཁོངས་སུ་གཏོགས་ཤིང་། རྒྱ་མཚོ་ནས་མཐོ་ཚད་མི་ཊར་ ༢༠༡༠ ཙམ་གྱི་སར་ཆགས་འདུག དབྱར་ཁ་ཚ་དྲོད་ཆེ་ཤོས་ 28 དང་དགུན་ཁ་གྲང་ངར་ཆེ་ཤོས་ Minus 2 ཡིན་འདུག ཡུལ་ལྗོངས་བཀོད་པ་མཛེས་པོ་འདུག ཌལ་ཧོར་བོད་མིའི་སྡོད་སྒར་འདི་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་ནས་བོད་བཙན་བཟུང་བྱས་རྗེས་ཐོག་མར་དབུ་བརྙེས་ཤིང་། བཙན་བྱོལ་བོད་མིའི་སྡོད་སྒར་ཆེས་སྔ་ཤོས་ཀྱི་གྲས་ཤིག་ཡིན་འདུག། འདི་གར་མི་ས་མ་རི་ནས་ཕྱི་ལོ་ ༡༩༥༩ ཟླ་ ༦ ཙམ་ལ་བོད་མི་གྲངས་ ༤༠༠ ཐོག་མ་ཌལ་ཧོར་དུ་ཚོ་ཁག་གཅིག་འབྱོར་འདུག དེ་རྗེས་བོད་མི་ཚོ་ཁག་གཉིས་བསྐྱར་དུ་མི་ས་མ་རི་ནས་འབྱོར་ཏེ་བོད་མི་ཁྱོན་བསྡོམས་གྲངས་ ༡༥༠༠ ཙམ་ཌལ་ཧོར་དུ་འབྱོར་བར་རོགས་ཚོགས་ Central Relief Committee, New Delhi ནས་བཞུགས་ཡུལ་གོ་སྒྲིག་དང་ཟ་ཆས་སོགས་ཀྱི་འགྲོ་གྲོན་ནར་གཏོང་གནང་འདུག
སྐབས་དེར་ཌལ་ཧོར་ཁུལ་གྱི་མི་དམངས་ནས་ལག་ཤེས་བཟོ་གྲྭར་བརྟེན་ནས་འཚོ་ཐབས་བསྐྱལ་བ་དང་རིམ་བཞིན་རྒྱ་གར་གཞུང་དང་ཕྱི་རྒྱལ་རོགས་ཁག་ནས་རོགས་རམ་ཐོབ་འདུག བོད་མི་ཕལ་ཆེ་བའི་འཚོ་ཐབས་ནི་དགུན་དུས་སུད་ཚོང་དང་དབྱར་ཁའི་རིང་ཌལ་ཧོར་ཁྲོམ་གཞུང་དུ་གྱོན་ཆས་རིགས་འཚོང་འགྲེམས། དེ་བཞིན་བཟོ་གྲྭ་ཁག་ནང་ལས་དོན་གཉེར་བཞིན་འདུག དེ་བཞིན་ས་གནས་འདིར་བླ་ཆེན་མ་སྤྲུལ་རིན་པོ་ཆེ་སྐུ་གོང་དང་། སྤང་ནང་རིན་པོ་ཆེ་མཆོག རྐྱང་ཕྱག་རིན་པོ་ཆེའམ་བླ་མ་ལུང་རྟོགས་རྒྱལ་མཚན་མཆོག འཇམ་བློ་རིན་པོ་ཆེ་མཆོག རྒྱུད་སྟོད་མཁན་ཟུར་སོགས་བླ་མ་དུ་མ་ཞིག་འདི་གར་བཞུགས་གནང་འདུག
དེ་བཞིན་ས་གནས་འདིར་དགོན་པ་རྣམ་གྲོལ་གླིང་དང་། ཡན་ལག་སྨན་རྩིས་ཁང་། འཕྲོད་བསྟེན་ཡན་ལག་སྨན་ཁང་
ཁ་འཐོར་མི་མང་
བཟོ་ཁོངས་ནང་མེད་པའི་བོད་མི་དེ་སྔ་ལྷོ་ཕྱོགས་གཞིས་ཆགས་སུ་གནས་སྤོས་སྐབས་མ་བསྐྱོད་པའི་ཁ་འཐོར་མི་མང་རྣམས་ལ་ནང་སྲིད་ལས་ཁུངས་ནས་གཞིས་ཆགས་གསར་རྒྱག་གིས་ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༡༡ ཉིན་དོ་བདག་སོ་སོར་བགོ་འགྲེམས་གནང་སྟེ་ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༤ ཉིན་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་དབུ་འབྱེད་གནང་འདུག གཞིས་ཆགས་འདི་གསར་རྒྱག་ཆེད་དཔལ་འབྱོར་རོགས་རམ་གནང་མཁན་རྒྱ་གར་གཞུང་དང་། ཨ་རི་བོད་ཀྱི་ཐེབས་རྩ་སོགས་ཡིན་འདུག་པ་བཅས། །