༢༠༡༣ ཟླ་ ༤ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༤ རེས་གཟའ་ལྷག་པའི་ཉིནཆེན་པོ་ཧོར་གྱི་གསར་འགྱུར་བརྒྱུད་ལམ་ཚན་པའི་གསར་འགོད་པ་ཁག་གཅིག་རྡ་སར་ཕེབས་པ་དང་བསྟུན། ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་ཡོད།
ཕྱོགས་མཚུངས་གསར་འགོད་པ་རྣམས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཁོང་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་གྲོས་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་སོགས་ངོ་སྤྲོད་གནང་ཡོད། དེ་རྗེས་ཕྱི་དྲིལ་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སྤྱི་དང་ལྷག་པར། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བོད་མི་ཁྲི་ཕྲག་བརྒལ་བ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་སྐོར་དང་། རིམ་བཞིན་བོད་མིའི་ཆོས་དང་རིག་གཞུང་རྒྱུན་འཛིན་ཆེད་སློབ་གྲྭ་ཁག་དང་གཞིས་ཆགས་ཁག་གསར་འཛུགས་ཀྱི་ལས་གཞི་རིམ་སྤེལ་གྱིས་མཐར་ད་ལྟའི་གནས་སྟངས་བར་སྤྱི་བསྡོམས་ཀྱི་གནས་ཚུལ་ངོ་སྤྲོད་ཁ་གསལ་གོ་བདེ་གནང་ཡོད།
བོད་སོག་ཡུལ་གྲུ་དབར་ལོ་རྒྱུས་ཐོག་འབྲེལ་བ་ཧ་ཅང་ཉེ་པོ་ཡོད་པ་མ་ཟད། ཆབ་སྲིད་ཀྱི་དཀའ་ངལ་ཡང་གཅིག་མཚུངས་སུ་འཕྲད་ཡོད་པའི་སྐོར་དང་། དེང་སྐབས་རྒྱ་གར་དུ་བོད་མིའི་དགོན་སྡེ་གྲྭ་ཚང་ཁག་གི་ནང་སོག་པོའི་སློབ་གཉེར་བ་རྣམས་མུ་མཐུད་བོད་བརྒྱུད་ནང་བསྟན་གྱིས་མཚོན། བོད་པའི་རིག་གཞུང་ལ་དོ་སྣང་དང་སྦྱངས་བརྩོན་གནང་བཞིན་པ་དེས་ཡུལ་གཉིས་དབར་བྱུང་རབས་ལོ་རྒྱུས་ཀྱི་འབྲེལ་བ་བསྐྱར་མཐུད་བྱུང་བའི་མཚོན་རྟགས་ཤིག་ཆགས་ཡོད་སྐོར་སོགས་ངོ་སྤྲོད་གནང་ཡོད།
ཕྱོགས་མཚུངས་དྲུང་ཆེ་མཆོག་གིས་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱིས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ཐབས་ལམ་ལ་གཞི་བཅོལ་ཏེ། བོད་རྒྱ་མི་རིགས་གཉིས་སྨན་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་སྐོར་སོགས་གསུངས་ཡོད།
མཐར་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སོག་པོའི་གསར་འགོད་པ་ཚོས་སོག་པོའི་མང་ཚོགས་རྣམས་ལ་བོད་མིའི་བདེན་དོན་སྐོར་དྲིལ་བསྒྲགས་གང་ཐུབ་གནང་རྒྱུའི་འབོད་སྐུལ་ཡང་ཞུས་ཡོད།
ཐེངས་འདིར་རྡ་སར་གཟིགས་སྐོར་དུ་ཕེབས་མཁན་རྣམས་སོག་པོའི་བརྙན་འཕྲིན་དང་རླུང་འཕྲིན། དེ་བཞིན་གསར་ཤོག་གྲགས་ཅན་ཁག་གི་གསར་འགོད་པ་ཡིན་འདུག གཟིགས་སྐོར་གོ་སྒྲིག་ཞུ་མཁན་ཁལ་མུཀ་ Kalmykia republic ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་དང་ཉི་ཧོང་རྒྱལ་ས་ཊོཀ་ཁྱོ་ཡོར་རྟེན་གཞི་བྱས་པའི་ཤར་ཨེ་ཤི་ཡའི་དོན་ཁང་གཉིས་ཐུན་མོང་ཐོག་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག ཁོང་རྣམས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༥ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་བཅས་མཇལ་འཕྲད་གནང་རྒྱུ་མ་ཟད། ཕྱི་ཚེས་ ༢༦ ཉིན་༸གོང་ས་མཆོག་གིས་མཇལ་ཁ་སྩལ་རྒྱུ་ཡིན་འདུག་པ་བཅས།།