༢༠༡༣ ཟླ་ ༤ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀེ་རི་ (John Kerry) མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༠ རེས་གཟའ་སྤེན་པའི་ཉིན་ཨ་རིའི་འགྲོ་བ་མིའི་ཐོ་ཐང་གི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། དེང་སྐབས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར་བཀོད་དོན། རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྟན་ལྷིང་ལ་མིང་འདོགས་བྱས་ནས་བོད་རང་སྐྱོང་ལྗོངས་དང་བོད་རིགས་གནས་སྡོད་ཀྱི་ས་ཁུལ་གཞན་ནང་བོད་མིའི་ཆོས་དང་སྐད་ཡིག ཐུན་མིན་ཡུལ་གོམས་གཤིས་ལུགས། དེ་བཞིན་སྨྲ་བརྗོད་དང་འདུ་འཛོམས། འགུལ་སྐྱོད་སོགས་ལ་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད་པ་མ་ཟད། དེ་སྔ་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་བརྟེན། ད་ཆ་བོད་མི་ཚོའི་སེམས་ནང་རྒྱ་ནག་གཞུང་གིས་སྲིད་བྱུས་གཏན་འབེབས་ཐོག་ནས་མི་རིགས་དབྱེ་འབྱེད་དང་དཔལ་འབྱོར་ཟུར་ཕུད། ཤེས་ཡོན་དང་ལས་ཀའི་གོ་སྐབས་ལ་དབྱེ་འབྱེད་གཏོང་བཞིན་ཡོད་པའི་ཚོར་བ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཅེས་སོགས་འཁོད་ཡོད་པ་མ་ཟད། གཞན་ཡང་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་མི་གང་བྱུང་དམར་གསོད་དང། སྡུག་སྦྱོང་མནར་གཅོད། གང་བྱུང་འཛིན་བཟུང་བཀག་ཉར་བྱས་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་བཀོད་འདུག ཕྱོགས་མཚུངས་མུ་མཐུད་སྙན་ཐོའི་ནང་བཀོད་པ་ལྟར་ན། བོད་ཀྱི་དགོན་པ་གྲྭ་ཚང་ཆེ་ཆུང་འདྲ་མིན་སྣ་ཚོགས་ནང་རྒྱ་ནག་གཞུང་གིས་སོ་ལྟའི་པར་ཆས་བཙུགས་ནས་བསུན་གཙེེར་བཟོ་བཞིན་ཡོད་པ་དང། ལྷག་པར་འདི་ལོར་རྒྱ་ནག་གི་འགོ་ཁྲིད་གསར་པ་འཕོ་འགྱུར་སྐབས་བོད་ཀྱི་ས་ཁུལ་ཡོངས་སུ་དམ་བསྒྲགས་བྱེད་ཤུགས་ཧ་ཅང་ཆེ་རུ་བཏང་བར་བརྟེན། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཞན་པོར་གྱུར་ཡོད་པ་སོགས་བཀོད་འདུག་པ་བཅས། །
.