༢༠༠༩ ཕྱི་ཟླ་ ༥ ཚེས་ ༣༠ རེས་གཟའ་སྤེན་པ།
༄༅། །རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོ་ ༢༠༠༩ ཕྱི་ཟླ་ ༣ ནང་བཏང་སྟེ་ཕྱི་ཟླ་ ༥ ཚེས་ ༢༦ དང་ཚེས་ ༢༩ སོ་སོར་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད། ༢༠༠༩ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་ཁག ༢༧ གྱི་འཛིན་རིམ་བཅུ་པའི་སློབ་མ་གྲངས་ ༡༦༧༢ འཛུལ་ཞུགས་གནང་ཁོངས་སློབ་ཕྲུག་གྲངས་ ༡༤༥༣ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༢༡༧། ཡིག་རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༢ བྱུང་ཡོད་འདུག འདི་ལོའི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༨༦་༩ ཡིན་པས་སྔ་ལོ་ལས་བརྒྱ་ཆ་ ༡་༢ མཐོ་བ་བྱུང་ཡོད། དེའི་ནང་ནས་སློབ་ཕྲུག་བུའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༨༥་༧༥ དང་སློབ་ཕྲུག་བུ་མོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༨༧་༤༦ བྱུང་འདུག་ན་སློབ་ཕྲུག་བུ་ལས་བུ་མོ་ཅུང་ལེགས་པ་བྱུང་ཡོད།
བོད་མིའི་སློབ་གྲྭ་ཁག ༢༧ ནང་ནས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ཉིན་སློབ་དང་། ས་ལ་ཁུལ་བོད་ཁྱིམ། མོན་གྷོ་གཏན་སློབ། ཨོ་རི་ས་ཉིན་སློབ་བཅས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་བརྒྱའི་གྲུབ་འབྲས་སོན་ཡོད། འདི་ལོ་བོད་པའི་སློབ་ཁག་ཡོངས་ཀྱི་སློབ་ཕྲུག་ཚོའི་ནང་ནས་ཧར་པ་སྤར་གྱི་སློབ་མ་རུ་ཆི་ཁ་བྷཌེ་ (Ruchika Bhatt) ལ་བརྒྱ་ཆ་ ༩༣ ཡིག་རྒྱུགས་ཀྱི་གྲུབ་འབྲས་སོན་པས་ཨང་དང་པོ་དང་། ཨི་ཏཱ་ཨག་གྷར་ཝལ་ (Ekta Aggarwal) ལ་བརྒྱ་ཆ་ ༩༠་༦ གྲུབ་འབྲས་སོན་པས་ཨང་གཉིས་པ་དང་། ས་ལ་ཁུལ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་རྒྱལ་ཆོས་ལ་བརྒྱ་ཆ་ ༨༨་༤ སོན་ཡོད་པས་བོད་ཕྲུག་ཁོངས་ནས་ཨང་རིམ་དང་པོ་ཡིན་འདུག
བོད་ཁྱིམ་ཅོན་ཏ་ར་སློབ་གྲྭའི་འཛིན་རིམ་བཅུ་པ་འདི་ལོ་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་འཛུལ་ཞུགས་བྱས་ཐེངས་དང་པོ་ཡིན་འདུག་ཅིང་། རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་ནང་ཁྱོན་སློབ་མ་གྲངས་ ༨༡༥༤༠༠ འཛུལ་ཞུགས་བྱས་པའི་ཁོངས་ནས་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༠་༠༧ ཡིན་པའི་གནས་ཚུལ་དུ།།