༢༠༠༩ ཕྱི་ཟླ་ ༥ ཚེས་ ༣༠ རེས་གཟའ་སྤེན་པ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཀྱི་ཡུལ་གྲུ་ཌན་མག་ཏུ་ ༢༠༠༩ ཕྱི་ཟླ་ ༥ ཚེས་ ༢༩ ཉིན་ཕྱེད་ཡོལ་ཙམ་ལ་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཌན་མག་ཏུ་༸ཞབས་སོར་འཁོད་པའི་ཉིན་དང་པོ་དེར་ཌན་མག་གི་སྲིད་བློན་སྐུ་ཞབས་ལར་སེ་ལོཀ་ཁི་ར་སེ་མུ་སིན་ (Lars Lokke Rasmussen) མཆོག་གི་བཞུགས་གནས་སུ་མཇལ་འཕྲད་གནང་བར་མགོན་པོ་གང་ཉིད་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་བཀའ་སློབ་ཕེབས་དོན། སྤྱིར་མགོན་པོ་གང་ཉིད་ཕྱིའི་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་གྱི་མཛད་འཆར་ཁག་ནི་ཆོས་ཕྱོགས་དང་ཤེས་ཡོན་གྱི་རང་བཞིན་ལྡན་པ་ཞིག་ཡིན་ལ། ཐེངས་འདིའི་ཆིབས་སྒྱུར་གྱི་མཛད་འཆར་ཁག་ནི་མགོན་པོ་གང་ཉིད་ཀྱི་སྐུའི་རླབས་ཆེན་གྱི་མཛད་འཕྲིན་ཁག་གསུམ་གྱི་ནང་ནས་གཉིས་ཏེ། འགྲོ་བ་མིའི་སྤྱི་ཚོགས་ཀྱི་སྐྱེ་བོ་ཞིག་ཡིན་པའི་ཆ་ནས་སེམས་པ་བཟང་པོ་བྱ་རྒྱུ་གོང་མཐོར་གཏོང་རྒྱུ་དང་། ཆོས་ལུགས་རིས་མེད་བར་གྱི་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུའི་སླད་ཡིན། ཞེས་བཀའ་སྩལ་ཡོད།
སྐབས་དེར་ཌན་མག་གི་སྲིད་བློན་སྐུ་ཞབས་ལར་སེ་ལོཀ་ཁི་ར་སེ་མུ་སིན་མཆོག་ནས། སྐུ་ཉིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་དང་། སྤྱིར་ཌན་མག་ལ་ནང་པ་དེ་ཙམ་མང་པོ་མེད་རུང་ཌན་མག་མི་མང་ནས་དུས་རྟག་ཏུ་༸གོང་ས་མཆོག་ལ་རྗེས་སུ་ཡི་རང་དང་དད་གུས་ཤུགས་ཆེ་ཞུ་བཞིན་ཡོད། ཅེས་དང་ཡང་ཁོང་གིས། ཌན་མག་ངོས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད། རྗེས་སུ་ཌན་མག་གི་ཕྱི་སྲིད་བློན་ཆེན་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་གི་རེད། སྐབས་དེར་ཁྱེད་རྣམ་པས་ངེས་པར་དུ་བོད་ནང་གི་གནས་སྟངས་ཐོག་ལ་གྲོས་མོལ་གནང་དགོས་ཀྱི་རེད། ཅེས་ཞུས་ཡོད་པ་རེད། མཇལ་མོལ་དེའི་སྐབས་༸གོང་ས་མཆོག་གི་སྐུ་འཁོར་དུ་དབྱིན་ཡུལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཚེ་རིང་ལགས་དང་སྐུ་སྒེར་ཟུང་དྲུང་བསྟན་འཛིན་སྟག་ལྷ་ལགས་རྣམ་གཉིས་ལྷན་དུ་བཅར་ཡོད་པ་རེད།
སྲིད་བློན་མཆོག་དང་མཇལ་མོལ་གནང་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྲིད་བློན་མཆོག་གི་བཞུགས་གནས་ནས་ཆིབས་ཞལ་བསྒྱུར་ཏེ་ཌན་མག་གི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་ཡོད། ཐེངས་འདིའི་མཇལ་འཕྲད་སྐབས་བོད་ནང་གི་གནས་སྟངས་ཐོག་ལ་བཀའ་མོལ་གཙོ་བོ་གནང་ཡོད་འདུག