༢༠༡༣ ཟླ་ ༤ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕ་རན་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་(Group for Information on Tibet) ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༦ ཉིན་བསྒྲགས་གཏམ་ཞིག་སྤེལ་ཡོད་བའི་ནང་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གྲོས་ཚོགས་གོང་མའི་ནང་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༧ ཉིན་ཕེབས་བསུ་ཞུ་རྒྱུ་ཡིན་འདུག
དེ་ཡང་བསྒྲགས་གཏམ་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ཚེས་ ༡༧ ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཕེབས་འབྱོར་སྐབས། ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇིན་ཕ་རན་ཀོ་ཨིས་ཧམ་བྷར་ཊི་(Mr. Jean-François Humbert) མཆོག་གིས་ཕེབས་བསུ་ཞུ་རྒྱུ་ཡིན། དེ་བཞིན་བོད་རྒྱ་ཞི་མོལ་བསྐྱར་གསོ་དང་བོད་མིའི་གནས་སྟངས་ཡར་རྒྱས་གཏོང་ཆེད་ཕ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕ་རན་སིའི་སྲིད་གཞུང་བརྒྱུད་འབད་བརྩོན་གང་ཐུབ་ཞུ་རྒྱུ་ཡིན།
སྤྱི་མཐུན་ཚོགས་པའི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་མཆོག་གིས་མང་གཙོའི་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་རྣམས་ལ་ཆེ་མཐོང་འབུལ་སྲོལ་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལའང་ཕེབས་བསུ་དེ་ལྟར་ཞུ་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད། ཕྱི་ཟླ་ ༥ ཚེས་ ༧ ནས་ ༡༢ བར་ཕ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཁག་གཅིག་རྡ་སར་བཅར་ཏེ་གྲོས་ཚོགས་འཐུས་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་མཇལ་འཕྲད་གནང་རྒྱུ་ཡིན། ཞེས་འཁོད་ཡོད།
དེ་བཞིན་སྲིད་སྐྱོང་མཆོག་ཕྱི་ཚེས་ ༡༨ ཉིན་ཕ་རན་སིར་གནས་སྡོད་བོད་རིགས་རྣམས་ལ་གསུང་བཤད་གནང་རྒྱུ་མ་ཟད། ཕ་རན་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་འདུག་པ་བཅས།།