༢༠༡༣ ཟླ་ ༤་ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུད་སི་གྲོང་ཁྱེར་ (Bern) བྷན་དུ་རྟེན་གཞི་བྱས་པའི་བྷན་གཙུག་ལག་སློབ་གྲྭར་བཀའ་སློབ་སྩལ་ཆེད་ (University of Bern) ཆིབས་སྒྱུར་བསྐྱངས་སྐབས་གཙུག་ལག་སློབ་གྲྭའི་སློབ་སྤྱི་སྐུ་ཞབས་མར་ཊིན་ཊུ་བྷར་ (Prof Dr Martin Täuber) མཆོག་གིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད། དེ་རྗེས་ཚོགས་ཁང་ནང་དགེ་ལས་སློབ་ཕྲུག་ཆིག་ཁྲི་དྲུག་སྟོང་བརྒལ་བ་ཆེད་བཅར་ཞུས་པའི་དབུས་སུ་ཆིབས་སྒྱུར་བསྐྱངས་ཏེ་མགོན་པོ་གང་ཉིད་མཆོག་གིས་༼ཡུན་གནས་ཐུབ་པའི་འབྱུང་འགྱུར་གྱི་སྤྱི་ཚོགས་ཤིག་ཇི་ལྟར་བསྐྲུན་ཐུབ།༽ ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན། དེ་རིང་འདི་གར་ངོས་རང་ཁྱེད་རང་ཚོ་དང། ལྷག་པར་མ་འོངས་པའི་མི་རབས་གཞོན་སྐྱེས་ཚོ་ཐུག་སྟེ་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང། ཁྱེད་རང་ཚོ་གཞོན་སྐྱེས་རྣམས་དུས་རབས་ཉེར་གཅིག་པའི་ མི་རབས་ཆགས་ཡོད། འདས་པའི་དུས་སྐབས་ནི་ད་ཆ་དྲན་པའི་ཡུལ་ཙམ་ལས་མ་འདས་སྟབས། བཟོ་བཅོས་གཏོང་ཐབས་མེད། འོན་ཀྱང་འབྱུང་འགྱུར་ནི་ང་ཚོའི་མདུན་དུ་ཡོད། དེར་བརྟེན་འབྱུང་འགྱུར་དུས་རབས་ཉེར་གཅིག་པ་འདི་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐབས་བྱེད་དགོས།
སྤྱིར་བཏང་གོ་ལའི་ཁོར་ཡུག་བདག་གཅེས་དང་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད། དེ་ནི་འཛམ་གླིང་སྤྱིའི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཆགས་པ་ཞིག་ཡིན་སྟབས། གཙོ་བོ་སོ་ནམ་ལས་དོན་དང་འབྲེལ་བའི་དཔལ་འབྱོར་གྱི་བྱ་གཞག་འཕེལ་རྒྱས་གཏོང་ཐབས་སུ་ཁ་བསྒྱུར་བྱེད་ཐུབ་པ་ཞིག་བྱུང་ན། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བདག་གཅེས་དང་དཔལ་འབྱོར་འཕེལ་རྒྱས་རྒྱུན་གནས་ཐུབ་རྒྱུར་ཧ་ཅང་ཕན་ཐོགས་ཡོད། དཔལ་འབྱོར་རྒྱུན་གནས་ཀྱི་རང་བཞིན་ཐད་སོ་ནམ་བྱ་གཞག་ལ་བརྟེན་པའི་དཔལ་འབྱོར་གྱི་ལས་གཞི་ཁག་ནི་བཟོ་གྲྭ་ཆེ་ཁག་ལ་བརྟེན་པའི་དཔལ་འབྱོར་གྱི་ལས་གཞི་ཁག་ལས་རྒྱུན་སྲིང་ཆེ་བ་ཕལ་ཆེར་ཡོང་གི་ཡོད། སོ་ནམ་བྱ་གཞག་ལ་བརྟེན་པའི་དཔལ་འབྱོར་གྱི་ལས་གཞི་ཁག་ནི་ཕྱོགས་གཅིག་ནས་རྒྱུན་སྲིང་ཐུབ་པ་ཞིག་ཡིན་པ་མ་ཟད། དཔལ་འབྱོར་འཁོད་སྙོམས་ཡོང་རྒྱུར་ཡང་ཕན་ཐོགས་ཡོང་སྲིད། སོ་ནམ་ཞིང་ལས་ཀྱི་ལས་དོན་ཁག་ནི་བཟོ་གྲྭ་ཆེ་ཁག་ནང་ལས་དོན་གཉེར་མཁན་གྱི་མི་དང་མི་འདྲ་བར་རང་བཞིན་འབྱུང་བ་དང་ཡང་ཉེ་འབྲེལ་ཆེ་བ་ཡོང་རྒྱུའི་དགེ་མཚན་ལྡན་ཡོད། ང་ཚོས་བཟོ་གྲྭ་ཆེ་ཁག་དང་ཁང་བརྩེགས་མཐོ་གྲས་ནང་ལས་དོན་བྱེད་སྐབས། མཚམས་རེ་དེའི་ནང་དུ་ལས་ཀ་བྱེད་མཁན་ཚོ་ཡང་བཟོ་གྲྭའི་ནང་གི་འཕྲུལ་ཆས་ཀྱི་ཆ་ཤས་ལྟ་བུར་འགྱུར་ཅིང། འཕྲུལ་ཆས་དེ་དག་བཀོད་འདོམས་བྱེད་སྐབས་ལས་ཀ་བྱེད་མཁན་གྱི་མི་སྣ་ཡང་བྲེལ་བ་འཚུབ་ཀྱི་ཡོད། འོན་ཀྱང་འཕྲུལ་ཆས་བཀག་སྐབས་ལས་ཀ་བྱེད་མཁན་དེ་དག་གི་འགུལ་སྐྱོད་ཀྱང་འགག་འགྲོ་གི་ཡོད་པ་ལྟ་བུ་ཡོང་བཞིན་ཡོད་པ་མ་ཟད། རང་བཞིན་འབྱུང་བ་དང་ཐད་ཀར་གྱི་འབྲེལ་བ་དེ་ཇེ་ཉུང་དུ་འགྲོ་གི་ཡོད།
དེ་བཞིན་འཛམ་གླིང་ལྷོ་ནུབ་དབར་གྱི་དཔལ་འབྱོར་ལ་བར་ཁྱད་ཧ་ཅང་ཆེན་པོ་ཡོད། དེ་དག་ཆུང་དུ་གཏོང་ཐབས་བྱ་རྒྱུ་ནི་འགྲོ་བ་མིའི་རིགས་ཀྱི་ཡ་རབས་སྤྱོད་བཟང་དང་འབྲེལ་བ་ཆགས་པ་ཞིག་ཡིན་པ་མ་ཟད། གོ་ལ་སྤྱིའི་བདེ་སྐྱིད་ཀྱི་གནད་དོན་ཞིག་ཀྱང་ཆགས་ཡོད་པར་ངོས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་དཀའ་ངལ་དེ་དག་སེལ་རྒྱུའི་ཐབས་ལམ་མང་དག་ཅིག་ཡོད་སྲིད་ཀྱང་སོ་ནམ་ལས་དོན་དང་འབྲེལ་བའི་དཔལ་འབྱོར་གྱི་བྱ་གཞག་ཆེ་རུ་གཏོང་རྒྱུ་ནི་གལ་འགངས་ཆེ་བའི་ཐབས་ལམ་ཞིག་ཆགས་ཀྱི་ཡོད། སྤྱིར་བཏང་རང་ལོ་སུམ་ཅུ་མན་གྱི་གཞོན་སྐྱེས་ཚོ་ནི་དུས་རབས་འདིའི་ནང་བསྡད་དེ་སྐྱིད་སྡུག་མྱོང་མཁན་གཙོ་བོ་ཞིག་ཆགས་ཡོད་སྟབས། དུས་རབས་འདི་ཡག་པོ་ཡོང་ཆེད་འགན་ཁུར་ལྡན་པའི་བསམ་བློའི་འཁྱེར་སོ་ཞིག་ངེས་པར་དུ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ད་ལྟ་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་ནི་གོ་ལ་སྤྱི་ཡོངས་ལ་འཕྲད་བཞིན་པའི་དཀའ་ངལ་ཞིག་ཡིན། དེ་ཡང་དཔལ་འབྱོར་དང་ཁོར་ཡུག་གི་དཀའ་ངལ་ནི་སོ་སོའི་གནས་ཡུལ་གྱི་རྒྱལ་ཁབ་གཅིག་པུ་མིན་པར་དེ་ལས་བརྒལ་བའི་དཀའ་ངལ་ཞིག་ཆགས་ཡོད། དཔེར་ན། གོ་ལའི་དཔལ་འབྱོར་གྱི་དཀའ་ངལ་ནི་རྒྱལ་ཁབ་དང་ས་མཚམས་ཀྱི་དབྱེ་བ་མེད་སྟབས། ང་ཚོས་དོ་ནན་ཐོག་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། དཀའ་ངལ་དེ་དག་ནི་རྒྱལ་ཁབ་གཅིག་གཉིས་ཤིག་གིས་སེལ་ཐབས་མེད། དེར་བརྟེན་ང་ཚོས་རང་ཉིད་ཐེ་བའི་འགྲོ་བ་མིའི་རིགས་སྤྱི་ལ་ཕན་པའི་ཀུན་ཁྱབ་འགན་ཁུར་གྱི་བསམ་བློ་ཞིག་ངེས་པར་དུ་གཏོང་དགོས་པའི་དུས་ལ་སླེབས་ཡོད། ཅེས་སོགས་ཀྱི་བཀའ་སློབ་དང་སློབ་ཕྲུག་གི་དྲི་བ་ཁག་ལ་བཀའ་ལན་སྩལ་ཡོད་པ་བཅས། །