༢༠༡༣ ཟླ་ ༤ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༡ རེས་གཟའ་ཕུར་བུའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལི་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་ཏེ་རན་ཏོ་ (Trento) ཞེས་པའི་སྐུ་མགྲོན་དུ་གདན་ཞུས་ལྟར་ཆིབས་སྒྱུར་བསྐྱངས་ཏེ་མང་ཚོགས་ལ་༼རྙོག་འཛིང་ཆེ་བའི་འཛམ་གླིང་ནང་བདེ་སྐྱིད་འཚོལ་ཐབས།༽ (Happiness in a Troubled World) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད།
དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་བྷོལ་ཛ་ནོ་ནས་ཏེ་རན་ཏོར་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེར་༸ཞབས་སོར་འཁོད་སྐབས། ཁུལ་དེའི་སྲིད་འཛིན་སྐུ་ཞབས་ཨལ་བྷར་ཏོ་པེ་ཆར་ (Alberto Pacher) མཆོག་གིས་གཙོས་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་ཏེ་རན་ཏོ་རང་སྐྱོང་མངའ་སྡེའིི་ཚོགས་ཁང་ཆེན་མོའི་ནང་ཆིབས་སྒྱུར་གྱིས་དེར་འདུས་མངའ་སྡེའིི་སྐུ་ཚབ་འཐུས་མི་རྣམས་ལ་བཀའ་སློབ་སྩལ་དོན། རང་སྐྱོང་མངའ་ཁུལ་གྱི་མཛད་གཙོ་རྣམས་ལ་ (Provincial Council Chamber) སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་པར་ངོས་ལ་ཆེ་མཐོང་ཐོབ་པ་ཞིག་བྱུང།
ངོས་རང་ཆུང་དུས་བོད་ནང་ཡོད་སྐབས་ནས་མང་གཙོའི་ལམ་ལུགས་སྐོར་གོ་ཐོས་བྱུང་བ་བཞིན་མོས་པ་བྱུང། དེ་ཡང་འཛམ་གླིང་འདི་འགྲོ་བ་མི་སྤྱི་ལ་དབང་བ་ཞིག་ཡིན། སྤྱིར་བཏང་རྒྱལ་ཁབ་གང་ཞིག་ཡིན་རུང་མི་མང་ལ་དབང་བ་མ་གཏོགས་རྒྱལ་པོ་དང་སྲིད་འཛིན་རེ་ཟུང་ལ་དབང་མེད། དེར་བརྟེན་དེ་རིང་འདིར་མང་ཚོགས་ཀྱིས་འོས་བསྡུའི་ལམ་ནས་བསྐོ་གཞག་གནང་བའི་སྐུ་ཚབ་འཐུས་མི་རྣམ་པའི་མདུན་དུ་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་དམིགས་བསལ་ཆེ་མཐོང་ཐོབ་བྱུང། ཞེས་བཀའ་སློབ་སྩལ་བ་དང་སྦྲགས། མགོན་པོ་གང་ཉིད་མཆོག་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་རྗེས་རིམ་བཞིན་ཕྱི་ལོ་ ༡༩༥༡།༡༩༥༢།༡༩༥༣ སོ་སོར་བོད་ནང་མང་གཙོ་བཅོས་བསྒྱུར་གཏོང་ཐབས་མཛད་པ་དང།
དེ་རྗེས་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་རྗེས་བཙན་བྱོལ་བོད་གཞུང་དེ་བཞིན་མང་གཙོའི་ལམ་ལ་བསྒྱུར་ཡོད་པ་དང་།ཕྱི་ལོ་ ༢༠༠༡ ལོར་༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་དབུ་ཁྲིད་ནས་ཕྱེད་བགྲེས་ཡོལ་གྱི་ཚུལ་དུ་བཞུགས་གནང་མཛད་མཐར། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་མཛད་པ་མ་ཟད། དུས་རབས་བཅུ་བདུན་དཀྱིལ་ཙམ་ནས་༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་དབུ་འཛུགས་མཛད་དེ་ལོ་ངོ་ ༤༠༠ ཙམ་གྱི་རིང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་མཛད་རྒྱུའི་ལམ་སྲོལ་ད་ཆ་མཚམས་འཇོག་མཛད་སྐོར་བཀའ་སློབ་སྩལ། དེ་རྗེས་༸གོང་ས་མཆོག་གི་སྐུ་ཚེའི་མཛད་འཕྲིན་གཙོ་བོ་གསུམ་སྐོར་བཀའ་སློབ་གཟབ་རྒྱས་སྩལ་གྲུབ་བསྟུན་མགོན་པོ་གང་ཉིད་མཆོག་གིས་གསར་འགོད་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་དང་གསར་འགོད་པའི་དྲི་བར་བཀའ་ལན་ཡང་སྩལ་ཡོད། སྐབས་དེར་གསར་འགོད་པ་གཅིག་གིས་བོད་ནང་དུ་རང་ལུས་མེར་སྲེག་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན། སྤྱིར་གནད་དོན་དེ་དག་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་ཛ་དྲག་ཡིན་པར་བརྟེན། ངོས་ཀྱིས་དེའི་སྐོར་ཇི་འདྲ་ཤོད་རྒྱུར་ཕྲན་བུ་ཐེ་ཚོམ་ཡོང་གི་འདུག འོན་ཀྱང་བློ་ཕམ་གྱི་གནས་ཚུལ་དེ་རིགས་བྱུང་བ་ནི་ནད་ཀྱི་མཚོན་རྟགས་ལྟ་བུ་རྒྱུ་རྐྱེན་ཞིག་འོག་ནས་འབྱུང་བཞིན་ཡོད།
དེར་བརྟེན་རྒྱ་ནག་གཞུང་གིས་རྒྱུ་རྐྱེན་ཇི་ཡིན་ཞིབ་རྩད་གནང་དགོས། བོད་མི་དེ་དག་ཆང་རག་གིས་བཟི་བ་དང་བཟའ་ཚང་ནང་འཁྲུག་སོགས་ལ་བརྟེན་ནས་རང་ལུས་མེར་སྲེག་ལས་འགུལ་བྱུང་བ་རྩ་བ་ནས་མིན། ཁོང་ཚོས་འུ་ཐུག་ཐབས་ཟད་ནས་ལས་འགུལ་དེ་འདྲ་ཞིག་སྤེལ་དགོས་ཐུག་པ་རེད། གལ་ཏེ་ཁོང་ཚོས་དེ་ལས་གཞན་པའི་སྐད་འབོད་དང་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་ན། སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་མྱོང་རྒྱུ་ཡིན། ཁོང་ཚོས་གཞན་ལ་འཚེ་བ་བྱ་རྒྱུའི་ཚབ་ཏུ་རང་ཉིད་བློས་གཏོང་བྱས་པ་རེད། ངོས་ལ་ཁོང་ཚོའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་གཞན་གང་ཡང་འདོན་རྒྱུ་མེད་པར་བརྟེན། དེའི་སྐོར་བརྗོད་རྒྱུ་གང་ཡང་མེད། བོད་མི་ཚོར་དངོས་ཡོད་དཀའ་ངལ་ཡོད་པ་དེ་དང་དྲག་པོའི་ཐོག་ནས་སེལ་ཐབས་མེད། འདས་པའི་ལོ་ངོ་ ༥༠།༦༠ རིང་རྒྱ་ནག་གཞུང་གིས་དྲག་པོ་བྱས་ཀྱང་བོད་མིའི་དཀའ་ངལ་སེལ་ཐུབ་མེད། རྒྱ་ནག་གི་འགོ་ཁྲིད་ཚོས་སྲིད་འཛིན་ཟུར་པ་ཏིང་ཞའོ་ཕིང་གིས་དངོས་ཐོག་བདེན་འཚོལ་གྱི་ཐབས་ལམ་ལག་བསྟར་བྱས་ཏེ། དངོས་ཡོད་གནས་ཚུལ་དང་མཐུན་པའི་ལངས་ཕྱོགས་ཤིག་བཟུང་དགོས་པ་ལས། བསམ་བློ་འཁོར་བ་གཅིག་པུས་དཀའ་ངལ་སེལ་ཐབས་མེད། དེར་བརྟེན་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་རྣམ་དཔྱོད་བེད་སྤྱོད་བཏང་སྟེ་ལངས་ཕྱོགས་གཟུང་རྒྱུར་ང་ཚོས་རེ་སྨོན་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་གྲུབ་བསྟུན། དེར་འདུས་ཨི་ཊ་ལི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ལ་བཀའ་སློབ་སྩལ་ཡོད་པ་བཅས།།