༢༠༡༣ ཟླ་ ༤ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༠ རེས་གཟའ་ལྷག་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་ཊི་རོལ་གྱི་རྒྱལ་ས་བྷོལ་ཛ་ནོའི་( Bolzano) ཁུལ་དེའི་གྲངས་ཉུང་མི་རིགས་ཀྱི་གཟེངས་རྟགས་འབུལ་ལམ་ཞུས་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་གཟེངས་རྟགས་དགྱེས་བཞེས་མཛད་པ་དང་སྦྲགས། ཆོས་ལུགས་ལ་མ་བརྟེན་པའི་འཇིག་རྟེན་བཟང་སྤྱོད་ཀྱི་རྣམ་གཞག་ཐོག་བཀའ་སློབ་སྩལ་ཡོད།
དེ་ཡང་དེ་ཉིན་སྔ་དྲོ་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་བློན་ཆེན་གཙོ་བོ་སྐུ་ཞབས་ཀོ་ལོ་སི་ཀུ་ལུ་ཆར་ (Dr Klaus Kluther) མཆོག་གིས་༸གོང་ས་མཆོག་བཞུགས་གནས་མགྲོན་ཁང་ནས་སྔོན་བསུས་ཏེ་བྷོལ་ཛ་ནོའི་ཞིང་ཆེན་ལས་ཁུངས་ཨ་མའི་ནང་གདན་འདྲེན་ཞུ་སྐབས། ཕེབས་ལམ་དུ་སློབ་ཕྲུག་ཁག་གཅིག་ལ་མཇལ་ཁ་སྩལ་ཏེ་ཐུགས་དགྱེས་ཚོར་ཆེན་པོས་བཀའ་མོལ་ཡང་མཛད་ཡོད།
དེ་རྗེས་ལས་ཁུངས་སུ་༸ཞབས་སོར་བདེ་བར་འཁོད་སྐབས་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་སྲིད་འཛིན་སྐུ་ཞབས་ལུ་ཝི་སི་ཌུན་ཝལ་ཌར་ (Luis Durnwalder) མཆོག་གིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་སྦྲགས། དབུ་ཁྲིད་རྣམ་གཉིས་ཆུ་ཚོད་ཕྱེད་ཀ་ཙམ་རིང་གསུང་མོལ་མཛད་སྐབས། སྲིད་འཛིན་མཆོག་གིས་ཐེངས་འདིར་༸གོང་ས་མཆོག་སླར་ཡང་ཁུལ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་ནི་མཛའ་བརྩེའི་འབྲེལ་ལམ་རྒྱུན་འཁྱོངས་མཛད་པ་ཞིག་ཡིན་པར་བརྟེན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ཞུས་ཡོད།
༸གོང་ས་མཆོག་གིས་ཀྱང་ཐུགས་དགྱེས་མཉེས་ཆེན་པོས་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱིས་ལོ་མང་རིང་ནས་བོད་མི་ཚོར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་བར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་གནང་མཛད། དེ་རྗེས་གཟེངས་རྟགས་ཀྱི་མཛད་སྒོ་དངོས་གཞི་འགོ་འཛུགས་ཀྱི་ཐོག་མར་རོལ་དབྱངས་ཀྱི་ཆེ་བསྟོད་འབུལ་ལམ་གྲུབ་མཚམས།
ལས་རིམ་གཙོ་སྐྱོང་བས་༸གོང་ས་མཆོག་ལ་ཕེབས་བསུའི་གསུང་བཤད་གནང་བ་དང་སྦྲགས། སྲིད་འཛིན་སྐུ་ཞབས་ཌུན་ཝལ་ཌར་མཆོག་ལ་མཛད་སྒོའི་གསུང་བཤད་གནང་རྒྱུའི་འབོད་སྐུལ་ཞུས་པ་ལྟར་སྲིད་འཛིན་མཆོག་གིས་གསུང་བཤད་གནང་དོན།
བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ང་ཚོའི་དབར་མཚུངས་ཆོས་མང་དག་ཅིག་ཡོད། སྤྱིར་རིག་གཞུང་དང་བྱུང་རབས་ལོ་རྒྱུས་ཆ་ནས་ཐ་དད་ཡོད་ཀྱང། གྲངས་ཉུང་མི་རིགས་གཅིག་མཚུངས་ཐོག་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་བཞིན་པ་གཅིག་མཚུངས་ཆགས་ཡོད། འཛམ་གླིང་རྒྱལ་ཁབ་ ༡༦༤ ནང་གྲངས་ཉུང་མི་རིགས་ཡོད་པ་རྣམས་ནས་མང་པོ་ཞིག་ལ་ཐོབ་ཐང་ཡོད་ཀྱང་། གཞན་མང་པོ་ཞིག་ལ་ཐོབ་ཐང་དེ་འདྲ་མེད་ཁར་འབྲེལ་ཡོད་སྲིད་གཞུང་གིས་ཁོང་ཚོར་དྲག་པོའི་ཐོག་ནས་གཉའ་གནོན་དང་དམ་བསྒྲགས་བྱེད་ཐབས་བྱེད་བཞིན་ཡོད། འོན་ཀྱང་མཐའ་མའི་རྒྱལ་ཁ་དེ་ནི་འཚེ་མེད་ཞི་བར་ཐོབ་ངེས་ཡིན། གང་ཡིན་བརྗོད་ན་འཚེ་བ་མེད་པའི་ཐབས་ལམ་དེས་ཕན་ཚུན་མཛའ་བརྩེའི་འབྲེལ་ལམ་གོང་མཐོར་བཏང་བ་མ་ཟད། ཞི་བདེའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་ཡིན། དེར་བརྟེན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་འཚེ་མེད་ཞི་བའི་སྐུ་ཚབ་ཆགས་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་མཚོན་རྟགས་ཤིག་ཀྱང་ཆགས་ཡོད། དེ་རིང་ང་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་འདིར་ཆིབས་སྒྱུར་བསྐྱངས་པར་དགའ་ཚོར་ཆེན་པོས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་འདི་ནི་གྲངས་ཉུང་མི་རིགས་འཚོ་གནས་ཇི་ལྟར་བྱེད་ཐུབ་མིན་གྱི་ཚོད་ལྟ་བྱེད་སའི་ས་ཁུལ་ལྟ་བུ་ཆགས་ཡོད། ང་ཚོས་ལྷོ་ཊི་རོལ་གྲངས་ཉུང་མི་རིགས་ཀྱི་གཟེངས་རྟགས་འདི་གོ་སྒྲིག་ཞུ་དགོས་དོན་གཙོ་བོ་ནི། གྲངས་ཉུང་མི་རིགས་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་ལ་དོ་སྣང་སླེབ་ཐུབ་ཆེད་ཡིན། ཐེངས་འདིར་བོད་མིའི་དཀའ་སྡུག་རྣམས་མངོན་གསལ་དོད་པོར་གསལ་ཆེད་གཟེངས་རྟགས་ཀྱི་འོད་སྣང་འཕྲོ་བ་འདི་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་དོན་ཆེད་སྐུ་ཚེ་ཧྲིལ་པོའི་རིང་ཐུགས་བརྩོན་མཛད་པ་དང་བསྡུར་བ་ཡིན་ན། མར་མེའི་འོད་སྣང་ཙམ་ལས་མཚོན་མི་ཐུབ་ཀྱང་ཐེངས་འདིར་ལྷོ་ཊི་རོལ་གྲངས་ཉུང་མི་རིགས་ཀྱི་གཟེངས་རྟགས་འདི་བརྒྱུད་ང་ཚོས་བརྡ་ལན་གང་ཞིག་གཏོང་བཞིན་ཡོད་བརྗོད་ན། གྲངས་ཉུང་མི་རིགས་ཚོས་རང་གི་ཐོབ་ཐང་ནམ་ཡང་བློས་གཏོང་བྱ་རྒྱུ་མེད་པ་འདི་ང་ཚོས་དྲན་སྐུལ་གཏོང་བཞིན་ཡོད། ཅེས་གསུངས།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ལ་གཟེངས་རྟགས་འདི་གནང་བར་ཆེ་མཐོང་ཧ་ཅང་ཆེན་པོ་ཐོབ་བྱུང། ངོས་སྒེར་ལ་གཟེངས་རྟགས་འདི་ལྟ་བུ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། གཟེངས་རྟགས་འདི་གཙོ་བོ་རང་དབང་གི་དོན་དུ་དཀའ་སྡུག་མྱོང་བཞིན་པའི་གཞིས་བཞུགས་བོད་མི་ཚོར་ཐོབ་པ་ཞིག་ལ་ངོས་འཛིན་ཞུ་རྒྱུ་དང། ལྷག་པར་ཁྱེད་རང་ཚོས་ང་ཚོ་ལས་ཆེས་སྔ་བར་རང་སྐྱོང་གི་ཐོབ་ཐང་ཉམས་སུ་མྱངས་པར་བརྟེན་རང་སྐྱོང་གི་ཤིང་རྟའི་སྲོལ་འབྱེད་ལྟ་བུ་ཆགས་ཡོད། དེར་བརྟེན་ཐེངས་འདིར་ང་ཚོའི་གྲོགས་པོ་བློས་ཐུབ་གཅིག་དང་ང་ཚོར་རང་སྐྱོང་གི་མིག་དཔེ་སྟོན་མཁན་ཞིག་གིས་གཟེངས་རྟགས་འདི་འདྲ་ཞིག་གནང་བར་དམིགས་བསལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་ཚོ་བོད་མི་ཚོས་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཐོབ་ཐབས་བྱེད་བཞིན་ཡོད། ང་ཚོ་ནི་སོ་སོ་རང་ཉིད་ལ་སྐད་ཡིག་དང་གནའ་རབས་ཀྱི་བྱུང་རབས་ལོ་རྒྱུས་ཡོད། དེར་བརྟེན་ང་ཚོས་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་རྩོད་རྒྱུ་ནི་རྒྱུ་མཚན་ལྡན་པ་ཞིག་ཆགས་ཡོད།
ང་ཚོས་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་འདི་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཙམ་ལ་ཁྱབ་པ་ཞིག་མིན་པར། དེང་སྐབས་རྒྱ་ནག་གཞུང་གིས་དབྱེ་བའི་ཞིང་ཆེན་ལྔའི་ནང་ཆོལ་གསུམ་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཚང་མར་ཁྱབ་པ་ཞིག་ལ་གོ་དགོས། ཞེས་བཀའ་སྩལ་བ་མ་ཟད། མུ་མཐུད་ནས་བཀའ་སློབ་སྩལ་དོན། ལོ་ངོ་སུམ་ཅུའི་རིང་ལྷོ་ཊི་རོལ་ཁུལ་དུ་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ལོངས་སུ་སྤྱད་པར་བརྟེན། དཔལ་འབྱོར་ཡར་རྒྱས་ཧ་ཅང་ཕྱིན་ཡོད། དེ་སྔ་ཨི་ཊ་ལིའི་དཔལ་འབྱོར་སྐྱོ་ཤོས་གྲས་ཡིན་པའི་ས་ཁུལ་ཞིག་དེང་སྐབས་ཨི་ཊ་ལིའི་ནང་དཔལ་འབྱོར་གྱི་གནས་སྟངས་ཡག་ཤོས་ཤིག་དང་མི་མང་གི་འཚོ་བའི་གནསསསྟངས་བཟང་ཤོས་ཤིག་ཏུ་གྱུར་ཐུབ་པ་བྱུང་ཡོད། དེ་ནི་གཙོ་བོ་མི་མང་ཚོར་རང་གི་རྣམ་དཔྱོད་རང་དབང་ཐོག་ནས་བེད་སྤྱོད་བྱ་རྒྱུའི་གོ་སྐབས་ཡོད་པར་བརྟེན་ནས་བྱུང་བ་ཞིག་ཡིན་པར་བརྟེན་ང་ཚོར་བློ་སྤོབས་བསྐྱེད་གཞི་ཞིག་ཏུ་གྱུར་ཡོད། ཅེས་བཀའ་སློབ་སྩལ་རྗེས་མཐར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་དེ་དག་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་ཟིན་ནས་ད་ཆ་བགྲེས་ཡོལ་དུ་གནས་ཡོད་པ་དེ་ལྟར་ནའང། ངོས་རང་ཡང་འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་གཅིག་ཡིན། མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཡོད། བདེ་བ་བསྒྲུབ་པའི་རྒྱུ་གཙོ་བོ་ནི་བྱམས་སེམས་ཇེ་བཟང་དུ་གཏོང་རྒྱུ་དེ་ཡིན། དེར་བརྟེན་ངོས་ཀྱིས་རིན་ཐང་དེ་དག་གོང་མཐོར་གཏོང་ཐབས་བྱ་རྒྱུ་ནི་ངོས་རང་གི་མི་ཚེའི་ལས་འགན་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།
གཉིས་ནས་ཆོས་ཀྱིས་བཟོད་བསྲན་གྱི་ནུས་པ་གོང་འཕེལ་དང་འཁོན་འཛིན་གྱི་བསམ་པ་མེད་པ་བཟོ་རྒྱུའི་ཚབ་ཏུ། ཆོས་དེ་རྙོག་གྲ་བཟོ་མཁན་ཞིག་ཆགས་པ་ཡིན་ན་ཕྱི་ནང་ལོག་པ་རེད། དེར་བརྟེན་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་ཐོག་ངོས་ཀྱིས་འབད་བརྩོན་གང་ཐུབ་ཞུ་རྒྱུ་ཡིན། ཆོས་ལུགས་སོ་སོར་མིའི་ཁམས་དང་མོས་པར་གཞིགས་པའི་ལྟ་གྲུབ་ཀྱི་རྣམ་གཞག་མི་འདྲ་བ་ཡོད་ཀྱང།
གཞི་རྩའི་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་བཟང་པོའི་རིན་ཐང་དེ་དག་གཅིག་གྱུར་ཐོག་ནས་གོང་མཐོར་གཏོང་ཐབས་བྱེད་བཞིན་ཡོད། ངོས་ལ་དེ་སྔ་ལས་འགན་གཙོ་བོ་གསུམ་ཡོད་པའི་ནང་ནས་གསུམ་པ་དེ་བོད་མིའི་རང་དབང་འཐབ་རྩོད་ཆགས་ཡོད། ད་ཆ་དེའི་ཚབ་ཏུ་ངོས་ཀྱིས་བོད་བརྒྱུད་ནང་བསྟན་སྲུང་སྐྱོབ་ཆེད་འབད་བརྩོན་བྱེད་བཞིན་ཡོད། བོད་བརྒྱུད་ནང་བསྟན་དེ་བཞིན་འཚེ་མེད་ཞི་བ་དང་བྱམས་བརྩེའི་བསམ་པ་གོང་མཐོར་གཏོང་བའི་རིག་གཞུང་ཞིག་ཡིན་པར་བརྟེན། བོད་མི་ཙམ་མ་ཟད་འཛམ་གླིང་ཀུན་ལ་ཕན་པའི་རིག་གཞུང་ཞིག་ཆགས་ཡོད། ཅེས་བཀའ་སློབ་སྩལ་རྗེས་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་ཚོགས་གཙོ་སྐུ་ཞབས་ལུ་ཝི་སི་ཌུན་ཝལ་ཌར་ (Luis Durnwalder) མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཊི་རོལ་གྲངས་ཉུང་མི་རིགས་ཀྱི་གཟེངས་རྟགས་ (Minority Award) འབུལ་ལམ་ཞུས་ཡོད།
གཟེངས་རྟགས་ཀྱི་མཛད་སྒོ་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་གསར་འགོད་ལྷན་ཚོགས་སུ་བཀའ་སློབ་སྩལ་ཡོད་པ་བཅས།།