༢༠༠༩ ཕྱི་ཟླ་ ༥ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །མན་ཌི་ས་གནས་འགོ་འཛིན་ལས་ཁང་ནས་གོ་སྒྲིག་ཞུས་ཏེ་བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུ་བདུན་པའི་ས་གླང་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༣༡ སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་སྤོན་ཌོ་བཀྲིས་གླིང་དང་། སུན་རྡར་ན་སྒར། མན་ཌི། མཚོ་པདྨ་བཅས་སུ་གནས་སྡོད་རང་རིགས་སེར་སྐྱ་ཕོ་མོ་ཚང་མས་ལུས་ལ་གཟབ་མཆོར་ལེགས་པར་སྤྲད་དེ་མན་ཌི་རྫོང་དཔོན་ལས་ཁུངས་ཀྱི་ཉེ་འགྲམ་སེ་རི་མན་ཅར་དུ་འདུ་འཛོམས་གནང་བ་དང་། མགྲོན་གྱི་གཙོ་བོ་མན་ཌི་རྫོང་དཔོན་(Sh.Onkar Sharma)མཆོག་དང་། འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སོགས་གདན་ཞུས་ཀྱིས་མགྲོན་གྱི་གཙོ་བོ་མཆོག་ནས་འོད་ཟེར་སྟོང་དང་ལྡན་པའི་སྣང་གསལ་མར་མེ་ཞལ་ཕྱེ་གནང་བ་དང་སྦྲགས་ཚང་མས་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་།
དེ་རྗེས་ས་གནས་འགོ་འཛིན་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དབྱིན་སྐད་ཐོག་སྒྲོག་སྦྱང་ཞུས་གྲུབ་མཚམས་མན་ཌི་རྫོང་དཔོན་མཆོག་ནས་འཕགས་བོད་གཉིས་ནི་དུས་རབས་མང་པོའི་སྔོན་ནས་འབྲེལ་བ་ཤུགས་ཆེ་ཡོད་པ་ཞིག་དང་།
བོད་དོན་བདེན་མཐའ་སེལ་ཐུབ་ཚེ་རྒྱ་གར་གྱི་རྒྱལ་མཚམས་ལའང་སྲུང་སྐྱོབ་དང་ཕན་ཐོགས་ཆེན་པོ་ཡོད་པ། དེ་བཞིན་བོད་མི་དང་རྒྱ་གར་གྱི་ཡུལ་མི་ཕན་ཚུན་འཆམ་མཐུན་དགོས་པ། ཡང་སྒོས་མན་ཌི་ཁོངས་སུ་གནས་སྡོད་བྱེད་མཁན་བོད་མི་ཡོངས་ལ་དཀའ་སྡུག་ཇི་འཕྲད་རྒྱ་གར་ཡུལ་མི་དང་ཁྱད་མེད་ཀྱིས་གཟིགས་རྟོག་གནང་རྒྱུ་ཡིན་སོགས་ཀྱི་གཏམ་བཤད་གནང་།
དེ་ནས་མན་ཌི་ཁུལ་གནས་སྡོད་བྱེད་མཁན་བོད་མི་ཡོངས་ནས་ཐུགས་རྗེ་མཚོན་སླད་མན་ཌི་རྫོང་དཔོན་མཆོག་ལ་ས་གནས་འགོ་འཛིན་ནས་ (Memento) དྲན་རྟེན་ཞིག་ཕུལ་གྲུབ་རྗེས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤྲོ་རི་མ་ཏི་སུ་ཤི་ལ་སུ་ཁ་ལ་ (Shrimati Sushila Sokhla) མཆོག་ནས་བོད་དོན་བདེན་མཐའ་མ་གསལ་བར་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན། ཞེས་གཏམ་བཤད་གནང་གྲུབ་རྗེས་མན་ཌི་རྫོང་དཔོན་ལས་ཁུངས་ཀྱི་གཙོས་པའི་རྒྱ་གར་ལས་ཁུངས་མ་ལག དེ་བཞིན་རྒྱ་གར་ཡུལ་མི་བཅས་པར་ཐུགས་རྗེ་ཆེ་ཞུའི་སླད་མངར་ཟས་སོགས་བཤམས་ཡོད།
མཇུག་བསྡོམས་ཀྱི་མཛད་སྒོར་སུན་རྡར་ན་སྒར། མན་ཌི། མཚོ་པདྨ་བཅས་གསུམ་གྱི་བརྒྱ་དཔོན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ཧིན་ཡིག་ཐོག་སྒྲོག་སྦྱང་ཞུས་པ་དང་སྦྲགས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་མཛད་སྒོ་གྲུབ། ཐེངས་འདིའི་གལ་འགངས་ཆེ་བའི་མཛད་སྒོར་དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དྲིལ་བསྒྲགས་ཤུགས་ཆེ་བྱུང་བ་སོགས་ཀྱི་གནས་བསྡུས་སུ།།