༢༠༡༣ ཟླ་ ༤ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་དོན། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༥ ནས་ཚེས་ ༢༤ བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག
དེ་ཡང་ཁུལ་དེའི་སློབ་གྲྭ་ཁག་དང༌། མགོན་སྡེ་ཁག བོད་མིའི་སྡོད་སྒར་ཁག་བཅས་སུ་འཕྲོད་བསྟེན་གྱི་གནས་སྟངས་རྟོག་ཞིབ་གནང་རྒྱུ་དང༌། མང་ཚོགས་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་འཆར་དང་ལྷག་དོན་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་དོན་ཐད་ལམ་སྟོན་གསུང་གནང་རྒྱུ་ཡིན་འདུག དཔལ་ལྡན་བཀའ་བློན་མཆོག་ཕྱི་ཚེས་ ༥ དགོང་དྲོར་རྡ་ས་ནས་པ་ཀོ་བརྒྱུད་ལྡི་ལིར་ཕེབས་ཐོན་དང༌། ཕྱི་ཚེས་ ༦ སྔ་དྲོ་ལྡི་ལི་ནས་སྦེང་ལོར་དུ་མཁའ་ལམ་བརྒྱུད་ཕེབས་ཐོན་གནང་སྟེ་ཉིན་དེར་ཀོ་ལེ་གྷལ་གཞིས་ཆགས་ཀྱི་སྡེ་ཁག་དང༌། སྨན་ཁང་ལ་གཟིགས་སྐོར་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༧ ཉིན་འཛམ་གླིང་འཕྲོད་བསྟེན་ཉིན་མོའི་མཛད་སྒོར་ཕེབས་ཏེ་མང་ཚོགས་ལ་འཕྲོད་བསྟེན་ཐོག་ལམ་སྟོན་གསུང་བཤད་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༨ ཉིན་མང་ཚོགས་ལ་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་གོ་རྟོགས་སྤེལ་རྒྱུ་དང།
ཕྱི་ཚེས་ ༩ སྔ་དྲོ་མེ་སོར་བརྒྱུད་ཧོན་སུར་གཞིས་ཆགས་སུ་ཕེབས་ཏེ་ཕྱི་ཚེས་ ༡༢ ཉིན་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་ནས་ཉིན་ཞག་གསུམ་རིང་ལས་དོན་གནང་རྒྱུ། ཕྱི་ཚེས་ ༡༦ ཉིན་མེ་སོར་ནས་མེ་འཁོར་བརྒྱུད་མོན་གྷོ་གཞིས་ཆགས་སུ་ཕེབས་ནས་ཉིན་ཞག་གཉིས་རིང་ལས་དོན་གནང་རྒྱུ། ཕྱི་ཚེས་ ༢༠ ཉིན་སྦེང་ལོར་དུ་ཕེབས་ནས་ནི་ལ་མང་གྷ་ལ་དང༌། (Telerad, Space geo Tech engineers) བཅས་ལ་སྐོར་བསྐྱོད་དང༌། སྤྱི་མཐུན་མཉམ་འབྲེལ་ལས་ཁང་དུ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཐོག་ཚོགས་འདུ་འཚོགས་རྒྱུ། ཕྱི་ཚེས་ ༢༡ ཉིན་ (Department of Medical Education and Health & Family Welfare) ཡི་སློབ་སྤྱི་དང༌། (State National Rural Health Mission) ཡི་གློ་ནད་འགོ་འཛིན་བཅས་མཇལ་འཕྲད་གནང་རྒྱུ། ཕྱི་ཚེས་ ༢༢ ཉིན་སྦེང་ལོར་ནས་ལྡི་ལིར་ཕེབས་ཏེ་ཕྱི་ཚེས་ ༢༣ ཉིན་ (Bikaner Medical College) ཡི་སློབ་སྤྱི་དང་སྨན་པའི་སློབ་སྦྱོང་བྱེད་མུས་ཡིན་པའི་སློབ་ཕྲུག་དང་ཐུག་འཕྲད་གནང་གྲུབ་མཚམས་ཕྱི་ཚེས་ ༢༤ ཉིན་ལྡི་ལི་ནས་པ་ཀོར་བརྒྱུད་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས། །