༢༠༡༣ ཟླ་ ༤ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༥ སྔ་དྲོ་ནས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༤ སྔ་དྲོ་བར་ལྡི་ལི་བརྒྱུད་བྱང་ཨ་རིར་སྐུ་སྒེར་ལས་དོན་ཞིག་དང། དེ་རྗེས་ཇར་མན་དང། སྦེལ་འཇེམ། ཕ་རན་སི་བཅས་སུ་གནད་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད་གནང་རྒྱུས་མཚོན་གཞུང་འབྲེལ་ལས་དོན་ཁག་གཅིག་དང་། ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་སུད་སིར་ཡུ་རོབ་བོད་བརྒྱུད་ནང་བསྟན་ལྷན་ཚོགས་ཐེངས་གཉིས་པ་དང། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པའི་ཚོགས་ཆེན་དུ་གསུང་བཤད་གནང་རྒྱུ་སོགས་གཞུང་སྒེར་ཕྱོགས་ཕེབས་གནང་གཏན་འཁེལ་འདུག
དེ་ཡང་སྲིད་སྐྱོང་མཆོག་གིས་ཕྱི་ཟླ་ ༤ ཚེས་ ༥ ཉིན་ཐོག་མར་ལྡི་ལིར་མི་སྣ་མཇལ་འཕྲད་གནང་རྗེས་ཕྱི་ཚེས་ ༦ ཉིན་ལྡི་ལི་ནས་མུ་ནིཀ་བརྒྱུད་ཨ་རིའི་བྷོ་སི་ཊོན་དུ་སྐུ་སྒེར་ལས་དོན་ཞིག་ཆེད་ཕེབས་རྒྱུ་དང། དེ་ནས་སླར་ཡང་ཁུལ་དེ་ནས་མུ་ནིཀ་བརྒྱུད། འཇར་མན་གྲོང་ཁྱེར་སྦར་ལིན་དུ་ཕེབས་འབྱོར་གནང་རྒྱུ་ཡིན་འདུག སྦར་ལིན་གྱིས་གཙོས་ཡུ་རོབ་རྒྱལ་ཁབ་ཁག་བཞིའི་ནང་སྲིད་སྐྱོང་མཆོག་གིས་གཞུང་འབྲེལ་ལས་དོན་བསྒྲུབ་རྒྱུ་དང། དེ་ནས་སྲིད་སྐྱོང་མཆོག་གིས་ཕྱི་ཟླ་ ༤ ཚེས་ ༢༢ ཉིན་སུད་སི་གྲོང་ཁྱེར་ཛུ་རིཀ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཕེབས་འཐོན་གྱིས་ཕྱི་ཚེས་ ༢༣ ཉིན་ཁུལ་དེ་ནས་ཅཀྐི་བྷེངྐ་བརྒྱུད་ཕྱི་ཚེས་ ༢༤ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།