༢༠༡༠ ཕྱི་ཟླ་ ༡ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༤ ཉིན་རྒྱབ་ཆུ་ཚོད་ ༢།༥༥ ཙམ་ལ་༸གོང་ས་མཆོག་གིས་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས་རྒྱ་གར་གྱི་མངའ་སྡེ་གུ་ཇུ་རཊའི་ (Gujurat) གྲོང་ཁྱེར་བ་རོ་ཌ་(Baroda) ཁུལ་དུ་རྟེན་གཞི་བྱས་པའི་ (Maharaja Sayaji Rao University) མ་ཧ་ར་ཇ་ས་ཡ་ཇི་རའོ་གཙུག་ལག་སློབ་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཉིན་དེའི་ཕྱི་དྲོ་བ་རོ་ཌར་ས་གནས་སུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཚེས་ ༡༥ ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མཐོ་སློབ་དེས་གྲོ་སྒྲིག་ཞུས་པའི་ཉིན་གསུམ་རིང་གི་རྒྱལ་སྤྱིའི་ནང་པའི་ལེགས་བྱང་དང་འབྲེལ་བའི་ལྷན་ཚོགས་དེར་༸གོང་ས་མཆོག་དང་། གུ་ཇུ་རཊི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག འབྲུག་གཞུང་གི་ཕྱི་སྲིད་བློན་ཆེན། མོན་རྟ་དབང་། ཤྲི་ལྐ། ཉི་ཧོང་། ཨ་རི། དབྱིན་ཡུལ་སོགས་ཡུལ་གྲུ་ཁག་ ༡༥ ནས་ཕེབས་པའི་བློན་ཆེན་དང་། མཁས་དབང་། རྒྱ་གར་ནང་པའི་དགེ་འདུན་པ། དེ་བཞིན་བོད་པའི་བླ་སྤྲུལ་དང་དགེ་བཤེས་སོགས་བརྒྱ་ཕྲག་མང་པོས་མཉམ་ཞུགས་ཀྱི་སློབ་གྲྭའི་རྩེད་ཐང་དུ་རྒྱལ་སྤྱིའི་ནང་པའི་ལེགས་བྱང་དང་འབྲེལ་བའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་ཚུགས་ཡོད། ༸གོང་ས་མཆོག་དང་གུ་ཇུ་རཊི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ (Narendra Modi) ནཱ་རེན་ལྷར་མོ་ཌི་མཆོག་རྣམ་གཉིས་ནས་ལྷན་ཚོགས་དབུ་འབྱེད་ཀྱིས་སྣང་གསལ་མར་མེ་ཞལ་ཕྱེ་མཛད་ཡོད།དེ་རྗེས་རིམ་པས་སྐུ་མགྲོན་རྣམས་ནས་གསུང་བཤད་གནང་གྲུབ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོར་བྱམས་བརྩེའི་རིན་ཐང་དེ་སྔར་ལྷག་དགོས་ངེས་ཤིག་ཆགས་ཡོད་པ་དང་། ནང་ཆོས་ནས་གསུངས་པའི་རྟེན་འབྲེལ་གྱི་རྣམ་གཞག་ཐོག་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། དེང་སང་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་བྱམས་པ་དང་སྙིང་རྗེའི་རིན་ཐང་དེ་བས་ཆེ་བ་ཆགས་ཡོད། རྒྱལ་ཁབ་སོ་སོ་དང་མི་སྒེར་གྱི་སོ་སོའི་དོན་ལས་མཉམ་རུབ་ཐོག་མི་རབས་རྗེས་མ་ཚོར་འགན་འཁྲི་ཡོད་པའི་གོ་ལ་གཅིག་གྱུར་གྱི་མི་སེར་ཞིག་ཡོང་ཐབས་གནང་དགོས། ད་ལྟ་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་རྒྱུར་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་པའི་བསམ་བློ་གུ་ཡངས་ཀྱི་ལངས་ཕྱོགས་བཟུང་དགོས་སྐོར་བཀའ་སྩལ། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་སྲོལ་རྒྱུན་ནས་བྱུང་བའི་ཆོས་ལུགས་རིས་མེད་དེ་ཆོས་ལ་ངོ་ལོག་དང་རྒྱབ་འགལ་བྱེད་པའི་དོན་མིན་པར་ཆོས་ལུགས་ཚང་མར་གུས་བཀུར་ཞུ་རྒྱུའིི་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་དེར་བསྔགས་བརྗོད་མཛད་པ་དང་སྦྲགས་མགོན་པོ་གང་ཉིད་མཆོག་བོད་པའི་ཕ་མ་ལས་འཁྲུངས་པའི་རྒྱ་གར་གྱི་བུ་ཞིག་ཡིན་པ་དང་། ༸གོང་ས་མཆོག་ས་གནས་གང་དུ་ཆིབས་སྒྱུར་བསྐྱངས་སྐབས་བྱམས་བརྩེ་དང་། འཚེ་མེད་ཞི་བ། ཀུན་ཁྱབ་འགན་ཁུར་སོགས་རྒྱ་གར་གྱི་བཟང་སྤྱོད་དེ་དག་བརྡ་ལན་སྤྲོད་མཁན་ལྟ་བུ་ཞིག་ཡིན་པ་དགོངས་བཞེས་མཛད་ཀྱི་ཡོད་སྐོར་བཀའ་སྩལ། ཉིན་དེར་གཙུག་ལག་སློབ་གཉེར་ཁང་དེའི་གནའ་རྗས་དཔྱད་རིག་ཚན་པར་ (Archaeology Department) ཡོད་པའི་ལོ་ ༤༧ གོང་གུ་ཇུ་རཊ་ནང་ནས་རྙེད་པའི་སངས་རྒྱས་ཀྱི་རིང་བསྲེལ་དེ་ད་བར་མང་ཚོགས་ལ་བསྟན་མེད ཅིང་། ཐེངས་འདིར་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས་རྗེས་མང་ཚོགས་ལ་བསྟན་ཡོད། དེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་ས་གནས་དེའི་ཉེ་འཁོར་དུ་ཡོད་པའི་བོད་རིགས་དགུན་ཚོང་རྒྱག་མཁན་ ༡༠༠༠ བརྒལ་བ་དང་། བ་རོ་ཌའི་གཙུག་ལག་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་ ༡༡༤ བཅས་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོག་མཇལ་ཁ་དང་སྦྲགས་གནད་དོན་ཆེ་ཁག་དྲུག་གི་ཐོག་ལ་བཀའ་སློབ་ཕེབས་པའི་ནང་། ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་སྐབས་དང་། དེ་མིན་རྒྱུན་དུ་བོད་མི་ཚོས་རང་གི་མི་རིགས་ལ་ཞེན་ཁོག་དང་ལ་རྒྱ་ཤུགས་ཆེ་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་རྩ་ཆེན་ཡོད་ཁར་དཔལ་ན་ལེྡའི་མཁས་པའི་གསུང་པས་ནང་པའི་བཞེད་རྒྱུན་མཐའ་དག་བོད་སྐད་ནང་ཡོད་སྟབས། འཛམ་གླིང་ནང་ཕན་ཐོགས་བསྒྲུབ་རྒྱུ་ངེས་ཅན་ཡིན་སྐོར་དང་། དེ་བཞིན་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་དེ་དབུ་མའི་ལམ་ལས་ལྷག་པ་མེད་སྐོར་བཀའ་སློབ་སྩལ་ཡོད། ལྷག་དོན་མི་མང་དང་སློབ་ཕྲུག་རྣམས་ནས་ནང་ཆོས་ལ་སྱང་པ་བྱ་རྒྱུ་གལ་ཆེ་ཡིན་སྐོར་བཀའ་སློབ་ཕེབས་པ་དང་ཆབས་ཅིག་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུའི་ཐུགས་རེ་ཡོད་སྐོར་གྱི་བཀའ་སློབ་སྩལ་ཡོད། དེ་བཞིན་ཉིན་རྒྱབ་གཙུག་ལག་སློབ་ཁང་དེར་བསྐྱོད་བཞིན་པའི་བོད་རིགས་སློབ་ཕྲུག་རྣམས་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡད་པ་བཅས།