༢༠༡༣ ཟླ་ ༤ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༩ ནས་བཟུང་ཉིན་གྲངས་བཅུ་ལྷག་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལི་དང་། སུད་སི། དབྱིན་ཡུལ་བཅས་ནང་འཛམ་གླིང་སྐྱེ་འགྲོའི་བདེ་དོན་ཆེད་ཆིབས་སྒྱུར་བསྐྱང་གཏན་འཁེལ་ཡོད་ཁོངས་ནས་དམིགས་བསལ་སུད་སིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གཞུང་འབྲེལ་གྱི་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་སུད་སིའི་གྲོས་ཚོགས་ནང་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག
དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་ཕྱི་ཚེས་ ༩ ནས་ ༡༢ བར་ཨི་ཊ་ལིའི་རང་སྐྱོང་མངའ་སྡེ་ལྷོ་ (South Tyrol)ཊེ་རོལ་ནང་གཞུང་འབྲེལ་ཐོག་ནས་གདན་ཞུས་ལྟར་ཆིབས་སྒྱུར་གྱིས་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་མཛད་རྒྱུ་མ་ཟད། མི་དམངས་ལ་བླང་དོར་གྱི་བཀའ་སློབ་སྩལ་རྒྱུ་ཡིན་འདུག དེ་བཞིན་ཕྱི་ཚེས་ ༡༢ ཉིན་སུད་སིར་ཆིབས་སྒྱུར་བསྐྱང་སྟེ་ཐོག་མར་སུད་སི་དོན་ཁང་ནས་གོ་སྒྲིག་ཞུས་པའི་ཡུ་རོབ་ནང་པའི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་བཞུགས་ཐོག་བཀའ་སློབ་དང་། ཕྱི་ཚེས་ ༡༣ ནས་ ༡༤ བར་ཉིན་གཅིག་དང་ཕྱེད་རིང་སུད་སི་ཧྥི་རི་བྷག་ཏུ་མང་ཚོགས་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་དང་རྗེ་བཙུན་སྒྲོལ་དཀར་གྱི་རྗེས་གནང་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་ ༡༥ ཉིན་ལུ་སན་སློབ་གྲྭ་ཆེན་མོའི་ཚན་རིག་པའི་ལྷན་བགྲོ་གླེང་མཛད་རྒྱུ་དང་།
དེ་བཞིན་ཁུལ་དེར་གནས་སྡོད་བོད་རིགས་དང་ས་གནས་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཕྱོགས་མཚུངས་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་སུད་སིའི་རྒྱལ་སར་རྟེན་གཞི་བྱས་པའི་བྷན་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོར་བླང་དོར་བཀའ་སློབ་དང་ཉིན་རྒྱབ་སུད་སིའི་གྲོས་ཚོགས་ནང་ཆིབས་སྒྱུར་བསྐྱང་གྲུབ་མཚམས་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་ཚོགས་མི་རྣམས་དང་ལྷན་གསར་འགོད་གསལ་བསྒྲགས་བསྐྱང་རྒྱུའི་མཛད་རིམ་ཞིག་ཀྱང་ཡོད་འདུག དེ་བཞིན་ཕྱི་ཚེེས་ ༡༩ ནས་ ༢༠ བར་ཉིན་གྲངས་གཉིས་རིང་དབྱིན་ཡུལ་དུ་ཆིབས་སྒྱུར་གྱིས་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག་པ་བཅས། །