༢༠༡༣ ཟླ་ ༣ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༩ ནས་ཚེས་ ༣༠ བར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་འོག་རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་རྒྱ་དམར་གྱི་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་གྱིས་སྲེག་བཞིན་པའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བོད་མཁས་པའི་བགྲོ་གླེང་ཚོགས་འདུའི་ཐོག་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་དབུ་བླ་དང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ང་ཚོ་ཚང་མས་གཞི་རྩ་བཟུང་ས་གཙོ་བོ་༸གོང་ས་མཆོག་གིས་བཀའ་སློབ་རིམ་ཕེབས་དེ་དག་ཡིན། བོད་མི་མང་གིས་ཀྱང་༸གོང་ས་མཆོག་གི་བཀའ་སློབ་དུས་རྟག་ཏུ་ལག་བསྟར་ཞུ་བཞིན་ཡོད། ཅེས་དང།
ལྷག་པར་རིན་པོ་ཆེ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་སྐབས་ཁོང་ལ་དྲི་བ་ཁག་གཅིག་དྲིས་ཀྱི་ཡོད་སྐོར་གསུང་དོན། ངོས་རང་ཨ་རི་དང་ཡུ་རོབ་ཁུལ་དུ་བསྐྱོད་སྐབས་དྲི་བ་ཁག་གཅིག་དྲིས་བྱུང། དྲི་བ་དྲིས་མཁན་ཁོངས་སུ་རྒྱ་སྤྱིའི་མི་སྣ་ཁག་དང་ཡུ་རོབ་གྲོས་ཚོགས་ཀྱི་མི་སྣ། གསར་འགོད་པ། མཁས་དབང་། མི་དཀྱུས་མ། དེ་བཞིན་ང་ཚོ་བོད་རིགས་ཀྱང་ཡོད། དྲི་བ་དེ་ཚོ་ངས་རྣམ་པ་ཚོར་ཞུས་ན། ཁྱེད་རྣམ་པར་དཔྱད་ཞིབ་བྱེད་རྒྱུར་ཕན་ཐོགས་ཡོང་གི་རེད་སྙམ་བྱུང།
༡) བོད་མི་མང་པོ་ཞིག་གིས་རང་ལུས་མེར་སྲེག་གཏོང་བཞིན་པ་དེའི་རྒྱུ་མཚན་གང་ཡིན་ནམ། ཞེས་དྲིས་བྱུང་། དེའི་རྒྱུ་མཚན་ནི་ང་ཚོ་ཚང་མས་ཤེས་གསལ་རེད། རྒྱ་ནག་གཞུང་གི་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་ནས་བྱུང་བ་རེད།
༢) སྲིད་བྱུས་གདུག་རྩུབ་ཅན་དེ་གང་རེད་ཅེས་དྲི་བ་ཡོང་གི་འདུག དེ་ལ་ལན་འདེབས་གནང་མཁན་ཚོས་ལན་འདྲ་མིན་གནང་གི་འདུག དེར་བརྟེན་ལན་འདེབས་གཅིག་གྱུར་གནང་རྒྱུ་དེ་གལ་ཆེན་པོ་མིན་ན་བསམས་ཀྱི་འདུག སྤྱིར་བཏང་སྲིད་བྱུས་གདུག་རྩུབ་ཅན་དེ་འདི་འདྲ་ཞིག་རེད་ཅེས་གསུང་རྒྱུ་གཏན་འཁེལ་བ་ཞིག་བྱུང་ན་ཡག་པོ་འདུག
༣) ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་ལུས་མེར་སྲེག་མ་བཏང་ཞེས་བཀའ་སློབ་མ་ཕེབས་པའི་རྒྱུ་མཚན་གང་ཡིན་ནམ། བཀའ་སློབ་ཕེབས་ན་ནུས་པ་ཡོད་པ་རེད་དེ་བཀའ་སློབ་ཕེབས་ཀྱི་མི་འདུག ཅེས་བརྗོད་མཁན་མང་པོ་བྱུང་། དེའི་ཐོག་དགོངས་པ་བཞེས་རྒྱུ་དང་ལན་གནང་མཁན་ཚོ་ཡིན་ནའང་ལན་གཅིག་གྱུར་ཁུངས་དང་ལྡན་པ་ཞིག་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་རང་ཤི་བརྒྱབ་པ་དང་གཞན་དོན་དུ་རང་སྲོག་བློས་བཏང་བ་གཉིས་དབྱིན་སྐད་ནང་དོན་གཅིག་ཡིན་དང་ཐ་དད་ཡིན་ཧ་མ་གོ་བ་འདྲ་པོ་ཞིག་ཆགས་ཀྱི་འདུག དེ་ལྟ་བུའི་ཐོག་ནས་རང་ལུས་མེར་སྲེག་ཐོག་ལྟ་སྟངས་མི་འདྲ་བ་ཞིག་ཆགས་ཀྱི་མེད་དམ་བསམ་གྱི་འདུག ངས་འགྲེལ་བཤད་བརྒྱབ་པ་ཙམ་མིན་པར་རྒྱལ་བ་ཀརྨ་པ་མཆོག་དང་སྲིད་སྐྱོང་མཆོག་གིས་ཡང་གསུངས་ཡོད། འོན་ཀྱང་རང་ལུས་མེར་སྲེག་བཏང་དགོས་པའི་རྒྱུན་རྐྱེན་གཙོ་བོ་དེ་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལས་བྱུང་བ་ཞིག་ཡིན། འབོད་སྐུལ་དེ་དག་གཞན་གྱིས་སེམས་ཚོར་ཙམ་གྱི་ཞུས་པ་མ་གཏོགས་ང་ཚོར་ལམ་གཞན་སྟོན་རྒྱུ་གང་ཡང་མེད་པར་བརྟེན། ང་ཚོར་ནུས་པ་མེད་པའི་ཚིག་སྐམ་པོའི་ཐོག་ནས་འབོད་སྐུལ་ཞུ་རྒྱུ་ཙམ་ལས་མ་འདས། དེར་བརྟེན་ད་བར་ང་ཚོས་འབོད་སྐུལ་ཇི་ཙམ་བྱས་ཀྱང་རང་ལུས་མེར་སྲེག་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད། ཅེས་ངས་དེ་འདྲ་བཤད་པ་ཡིན།
༤) བོད་དུ་རང་ལུས་མེར་སྲེག་ལས་འགུལ་དེར་བོད་ཀྱི་ནང་ཆོས་ནང་འགྲེལ་བཤད་གང་འདྲ་རྒྱག་བཞིན་ཡོད་སྐོར་འདྲི་མཁན་འདུག
༥) ཡང་ཁག་གཅིག་གིས་རང་ལུས་མེར་སྲེག་གི་ལས་འགུལ་དེ་བོད་རྒྱ་ཁྱབ་ཏུ་འཕེལ་འདུག་པས། འཕེལ་སྟངས་གང་འདྲ་ཡིན། ཁོང་ཚོ་ནང་ཁུལ་ལ་འབྲེལ་བ་ཡོད་མེད་ཅེས་འདྲི་མཁན་ཡོང་གི་འདུག དེ་ནས་ཁོང་ཚོས་ང་ལ་འདི་འདྲ་བརྗོད་ཀྱི་འདུག
༦) རང་ལུས་མེར་སྲེག་གི་ལས་འགུལ་མང་ཆེ་བ་ཨ་མདོ་རྔ་པའི་ས་ཁུལ་ནས་ཡོང་གི་འདུག ཁྱེད་ཀྱིས་ཁོང་ཚོ་ངོ་ཤེས་ཀྱི་ཡོད་དམ། ཞེས་དྲིས་བྱུང་།
༧) དེ་ནས་རང་ལུས་མེར་སྲེག་ལས་ཐབས་ལམ་གཞན་ཡོད་ཀྱང་དེ་འདྲ་ལག་ལེན་མ་བྱས་པའི་རྒྱུ་མཚན་གང་ཡིན་སྐོར་དྲི་མཁན་ཡང་འདུག འོན་ཀྱང་འདི་ལོ་དྲི་བ་དེ་འདྲ་འདྲི་མཁན་ཕྲན་བུ་ཉུང་བ་འདུག སྔོན་མ་ཨ་རིར་འགྲོ་སྐབས་དྲི་བ་འདི་མང་པོ་ཞིག་གིས་དྲིས་བྱུང་། སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡང་འདུག སྔོན་མ་ལས་འདི་ལོ་གསལ་བ་ཆགས་ཡོད། རང་ལུས་མེར་སྲེག་ལས་ཐབས་གཞན་གང་ཡོད། བརྗོད་མཁན་དེ་རིགས་དེང་སྐབས་ཉུང་དུ་ཕྱིན་འདུག
༨) ཡང་ཁག་གཅིག་གིས། བོད་དུ་རང་ལུས་མེར་སྲེག་གི་ལས་འགུལ་མ་སྤེལ་ཐབས་མེད་ཆགས་ཀྱང། ལ་ལས་རྒྱ་གར་དང་བལ་ཡུལ་སོགས་ནང་དུའང་ལས་འགུལ་དེ་སྤེལ་བཞིན་ཡོད། དེའི་རྒྱུ་མཚན་ཅི་ཡིན་ནམ། ཞེས་ཀྱང་དྲི་གི་འདུག
༩) དེ་ནས་རང་ལུས་མེར་སྲེག་གི་ལས་འགུལ་དེ་ཕྱི་ནས་བརྒྱུད་སྐུལ་བྱས་སྐོར་རྒྱ་ནག་གཞུང་གིས་བཤད་པ་དེ་ཁྱེད་རྣམ་པས་མཁྱེན་གྱི་ཡོད་དམ། ཁག་གཅིག་གིས་དེའི་སྐོར་གསལ་བཤད་གནང་རོགས་གསུང་མཁན་ཡང་འདུག
༡༠) ཕྱོགས་མཚུངས་ལ་ལས་ད་ལྟའི་ཆར་བོད་ནང་དུ་གནས་སྟངས་ཇི་འདྲ་ཡོོད་དམ། ཞེས་འདྲི་མཁན་འདུག བོད་ནང་དུ་འགྲོ་སྡུག་སྤྱོད་གསུམ་གྱི་གནས་སྟངས་སྐོར་འདྲི་མཁན་མང་པོ་འདུག
༡༡) དེ་བཞིན་ཁག་གཅིག་གིས། བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་མ་ཐག་རྒྱ་གར་ནང་གནས་ཚུལ་ལམ་སེང་ཧ་གོ་ཐུབ་བཞིན་འདུག དེར་བརྟེན་བོད་ཕྱི་ནང་གཉིས་དབར་འབྲེལ་བ་གང་འདྲ་བྱེད་ཀྱི་ཡོད་མེད་དང་འབྲེལ་ལམ་གང་འདྲ་ཞིག་ཡོད་རེད། ཅེས་འདྲི་མཁན་འདུག་པ་མ་ཟད། ཁོང་ཚོས་ང་ལ་ཁྱེད་ཀྱིས་ཁོང་ཚོ་དང་སྒེར་གྱི་འབྲེལ་ལམ་གང་འདྲ་ཡོད་དམ། ཞེས་འདྲི་མཁན་འདུག
༡༢) དེ་ནས་ལ་ལས་རང་ལུས་མེར་སྲེག་བྱེད་མཁན་མང་ཤོས་གྲྭ་བཙུན་ཡིན་འདུག དེར་རྒྱུ་མཚན་གང་ཡོད། ཅེས་འདྲི་མཁན་འདུག
༡༣) རྔ་པ་ཀིརྟི་དགོན་པར་རང་ལུས་མེར་སྲེག་མང་ཤོས་ཆགས་ཡོད་སྟབས། ད་ལྟའི་ཆར་ཁུལ་དེའི་གནས་སྟངས་གང་འདྲ་ཡོད་མེད་སྐོར་ཡང་ཡང་འདྲི་མཁན་འདུག
༡༤) སྤྱིར་བཏང་རྔ་པ་རྫོང་གི་ནང་རང་ལུས་མེར་སྲེག་གཏོང་མཁན་མང་ཤོས་ཡིན་པ་མ་ཟད། ཐེངས་དང་པོ་ཡང་རྔ་པའི་ཁུལ་ནས་བྱུང་འདུག དེའི་རྒྱུ་མཚན་གང་ཡིན། ཞེས་འདྲི་མཁན་འདུག་པར་ང་ཚོས་ལན་འདེབས་གཅིག་མཚུངས་ལྟ་བུ་བྱུང་ན་ལེགས་པ་འདུག་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །