༢༠༡༣ ཟླ་ ༣ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་བཞུགས་གནས་ནས་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་མཛད་གཙོ་རྣམ་པས་ལག་ཏུ་དཀར་གཙང་མཇལ་དར་དང་དགེ་འདུན་པ་རྣམས་ཀྱིས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ས་ལུ་གྷ་རའི་དུས་འཁོར་ཐང་ཆེན་གྱི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་སྐྱབས་འགྲོ་དགོས་དོན་ཞིབ་ཕྲ་འགྲེལ་བརྗོད་མཛད་པ་དང་ཆབས་ཅིག་ཆོས་འཆད་ཉན་སྐོར་ལ་བཀའ་སློབ་ཕེབས་དོན།
ང་ཚོས་ཆོས་འཆད་ཉན་གང་ཞིག་བྱས་ཀྱང་འཆད་པ་པོའི་ངོས་ནས་ཀུན་སློང་རྣམ་དག་སྒོ་ནས་འཆད་དགོས་པ་དང་། ཉན་པ་པོའི་ངོས་ནས་ཀུན་སློང་རྣམ་དག་སྒོ་ནས་ཉན་དགོས། དེ་ལྟར་བྱས་ན་ཆོས་འཆད་ཉན་གནད་དུ་འཁེལ་བ་ཞིག་ཡོང་གི་རེད། དེང་སྐབས་འཛམ་གླིང་འདིའི་ཐོག་ཆོས་ཚོང་རྒྱག་མཁན་གང་ཙམ་ཞིག་ཡོང་གི་འདུག དེ་རིང་ཁ་སང་སེམས་ཁམས་རིག་པའི་སྐོར་ལ་ཚན་རིག་པའི་ནང་ནས་སྤྱིར་སངས་རྒྱས་པའི་ཆོས་དང་ཡང་སྒོས་བོད་ཀྱི་སངས་རྒྱས་པའི་ཆོས་ནས་གསུངས་པའི་སེམས་ཀྱི་རྣམ་གཞག་སྐོར་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་འདུག ངོས་རང་སྒེར་ལ་ཆ་བཞག་ན། ཚན་རིག་པ་དང་མཉམ་དུ་སྐད་ཆ་བཤད་དེ་དཔྱད་བསྡུར་བྱས་ནས་ཕལ་ཆེར་ལོ་སུམ་ཅུ་ཙམ་ཞིག་ཕྱིན་ཡོད། ཚན་རིག་པ་དང་ལྷན་སྐད་ཆ་ཤོད་སྐབས་སྐྱེ་བ་སྔ་ཕྱི་དང་ཐར་པ། དེ་བཞིན་འཁོར་བའི་སྐོར་གང་ཡང་ཤོད་ཀྱི་མེད། སེམས་ཀྱི་འགྲོ་སྟངས་ཁོ་ནའི་ཐོག་གོ་བསྡུར་བྱེད་ཀྱི་ཡོད། སྤྱིར་བཏང་སེམས་ལ་ཞི་བདེ་བསྒྲུབ་དགོས་ཀྱི་ཡོད་པ་ཚང་མའི་མཐུན་སྣང་དུ་གྲུབ་ཡོད། འོན་ཀྱང་སེམས་ལ་ཞི་བདེ་སྨན་བཟས་པ་དང་ཁབ་བརྒྱབ་ནས་བསྒྲུབ་ཐབས་མེད་པ་མ་ཟད། གཤག་བཅོས་བྱས་ནས་ཞི་བདེ་ཡོང་ཐབས་མེད། སེམས་ཀྱི་ཞི་བདེ་དཀྲུག་མཁན་གྱི་རྣམ་རྟོག་ངོ་ཤེས་པའི་ཐོག་རྣམ་རྟོག་ཇེ་ཆུང་དུ་བཏང་ནས་སེམས་ལ་ཞི་བདེ་སྒྲུབ་དགོས། ཚན་རིག་པས་ཚན་རིག་གི་འདུ་ཤེས་བཞག་ནས་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད་མ་གཏོགས་ཆོས་ཀྱི་འདུ་ཤེས་བཞག་ནས་བརྟག་དཔྱད་བྱེད་ཀྱི་མེད།
དེ་བཞིན་རྡོར་གླིང་ཁུལ་སོགས་ལ་ཁྱེད་རང་ཚོས་ཚོགས་པ་སྐྱིད་སྡུག་བཙུགས་ཏེ་ལོ་ཁ་ཤས་ཕྱིན་ཡོད། ཁྱེད་རང་ཚོས་འབད་བརྩོན་བྱས་ཏེ་ཧ་ཅང་ཡག་པོ་འདུག གང་ལྟར་ཆོས་སློབ་ཀྱི་ཡོད་ཅེས་སངས་རྒྱས་ཆོས་ཚོགས་མ་སློབ་རྒྱུ་གཅིག་པུ་མིན་པར། ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་གཉིས་ལ་ཤེས་ཡོན་གྱི་འདུ་ཤེས་བཞག་སྟེ་སློབ་ཁྲིད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་༼ལམ་རིམ་བསྡུས་དོན།༽ དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་༼སེམས་ཉིད་ངལ་གསོ།༽ བཅས་ཀྱི་ཆོས་འབྲེལ་འཕྲོས་སྐྱོང་དབུ་འཛུགས་མཛད་ཡོད་པ་བཅས། །