༢༠༡༣ ཟླ་ ༣ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནུབ་བྷང་གལ་ས་གནས་ས་ལུ་གྷ་རའི་ (Salugara) ནང་རྟེན་གཞི་བྱས་པའི་སྲད་རྒྱུད་གྲྭ་ཚང་ནས་དང་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པ་ཐུན་མོང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༧ ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས་ཆིབས་འགྲོ་བརྒྱུད་ཆུ་ཚོད་ ༡༢ ཙམ་ལ་ནུབ་བྷང་གལ་ས་གནས་ས་ལུ་གྷ་རའི་ནང་རྟེན་གཞི་བྱས་པའི་སྲད་རྒྱུད་གྲྭ་ཚང་དུ་༸ཞབས་སོར་བདེ་བར་འཁོད་སྐབས། སྲད་རྒྱུད་གྲྭ་ཚང་གི་མཁན་སློབ་རྣམ་པས་དབུས་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་མཛད་གཙོ་རྣམ་པ་དང་དད་ལྡན་མང་ཚོགས་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་རྗེས་མགོན་པོ་གང་ཉིད་མཆོག་བཞུགས་གནས་ནས་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་མཛད་གཙོ་རྣམ་པས་ལག་ཏུ་དཀར་གཙང་མཇལ་དར་དང་དགེ་འདུན་པ་རྣམས་ཀྱིས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ས་ལུ་གྷ་རའི་དུས་འཁོར་ཐང་ཆེན་གྱི་བ
ཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་གྲུབ་མཚམས་
༸གོང་ས་མཆོག་གིས་ཆོས་འབྲེལ་དབུ་འཛུགས་སྔོན་དད་ལྡན་ཆོས་ཞུ་བ་ ༡༠༠༠༠ བརྒལ་བ་བཅར་ཡོད་པ་རྣམས་ལ་ལམ་སྟོན་བཀའ་སློབ་ཕེབས་དོན། དེ་རིང་ངོས་རང་འདི་གར་བཅར་ནས་ཁྱེད་རང་ཚོ་ཐུག་སྟེ་ཆོས་འབྲེལ་བྱ་རྒྱུ་ཡིན། ཐོག་མར་ཚང་མར་འཚམས་འདྲི་ཡོད། སྤྱིར་བཏང་ང་ཚོ་མང་པོ་ཞིག་ནང་པ་ཡིན་པ་མ་ཟད། སངས་རྒྱས་པའི་ཆོས་ལ་དད་པ་བྱས་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་བརྗོད་ཀྱི་ཡོད། འོན་ཀྱང་སངས་རྒྱས་དང་། ཆོས། དགེ་འདུན་གསུམ་གང་འདྲ་ཡིན་པའི་སྐོར་ལ་དོ་སྣང་རྩ་བ་ནས་བྱེད་ཀྱི་མེད་པར་བརྟེན་ནས་ཤེས་ཀྱི་མེད། ཧ་ལམ་ང་ཚོས་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་སངས་རྒྱས་པའི་ཆོས་དང་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་རྒྱུད་གཅིག་པ་ལྟ་བུ་མཐོང་གི་ཡོད། སྨོན་ལམ་དང་ཕྱག་མཆོད་འབུལ་ཚང་མས་བྱེད་ཀྱི་ཡོད།
གང་ལྟར་སངས་རྒྱས་པའི་ཆོས་ངེ་ཤེས་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་མང་པོ་ཞིག་གིས་སངས་རྒྱས་པའི་ཆོས་ལ་དད་པ་ཡོད་ཀྱང་དད་པ་བྱེད་སའི་ཆོས་ཀྱི་ངོ་ཐོག་གང་འདྲ་ཡིན་པ་མ་ཤེས་པའི་དབང་གིས་སྤྱིར་བཏང་ལྟ་བུ་འཛིན་བཞིན་ཡོད། དེར་བརྟེན་ངོས་ཀྱིས་ནམ་རྒྱུན་ཆོས་བཤད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རྩི་བཞིན་ཡོད། ཁྱེད་རང་ཚོར་དཔེ་ཆ་ལག་པར་རག་ཡོད་སྟབས། ངོས་ཀྱིས་འགྲེལ་བཤད་རྒྱག་སྐབས་ཡི་གེ་ཤེས་མཁན་ཡིན་ན། བརྗེད་ཐོ་རྒྱག་རྒྱུ་དང་སྒྲ་འཇུག་ཡོད་ན་སྒྲ་འཇུག་བྱེད་ཐུབ་ན་ཡག་པོ་ཡོད། ངོས་ཀྱིས་བརྗོད་པ་དེ་དག་ས་བོན་ལྟ་བུ་བྱས་ཐོག་གཙོ་བོ་རྒྱུན་དུ་རང་ཉིད་ཀྱིས་བསམ་བློ་བཏང་སྟེ་ངོས་ཀྱིས་ས་བོན་བཏབ་པ་དེ་རིམ་བཞིན་སོ་སོས་ཉམས་ལེན་བྱས་ནས་འབྲས་བུ་སྨིན་པ་ཞིག་བྱེད་དགོས། བྱིན་རླབས་ཐོབ་བྱུང་ཞེས་བརྗོད་ནས་འཇོག་རྒྱུ་མིན། སོགས་ཀྱི་བཀའ་སློབ་སྩལ་ཏེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་༼ལམ་རིམ་བསྡུས་དོན།༽ དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་༼སེམས་ཉིད་ངལ་གསོ།༽ ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པ་བཅས། །