༢༠༡༣ ཟླ་ ༣ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་གི་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཉིན་ ༢༨ ཉིན་བཏང་གནས་ནང་འཁོད་དོན། ཨ་རི་སྐུ་ཚབ་དོན་གཅོད་དང་རྒྱ་རིགས་འབྲེལ་མཐུད་པས་དེ་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱ་རིགས་སློབ་ཕྲུག་དང་ཤེས་ཡོན་ཅན་ཁག་གཅིག་དང་ལྷན་བོད་དོན་སྐོར་བགྲོ་གླེང་ཚོགས་འདུ་ཞིག་གནང་ཡོད། སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་ཚོགས་འདུའི་ཐོག བོད་མིའི་ཆབ་སྲིད་ཀྱི་དགོས་འདུན་ག་རེ་ཡིན་པ་དང་། ཕྱི་ལོ་ ༢༠༠༩ ནས་ད་བར་གཞིས་ལུས་བོད་མི་བརྒྱ་ལྷག་ནས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་གང་ཡིན་པ་སོགས་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་ཚོགས་འདུ་བ་རྣམས་དང་མཉམ་དུ་བགྲོ་གླེང་གནང་ཡོད།
ལྷག་པར་དོན་གཅོད་ཀྱིས་རྒྱ་ནག་གཞུང་ནས་ག་དུས་ཡིན་རུང་རྒྱ་རིགས་མི་མང་དང་། བོད་མི་མང་བར་འགལ་ཟླ་བཟོ་ཐབས་བྱེད་ཀྱི་ཡོད་སྟབས། རྒྱ་བོད་གཉིས་དབར་ཕན་ཚུན་བགྲོ་གླེང་གི་ལམ་ནས་གནས་ཚུལ་ངོ་སྤྲོད་བྱེད་རེས་གནང་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ཅེས་དང་། རྒྱ་ནག་ནང་གི་རྒྱ་རིགས་གྲོགས་པོ་མང་པོས་བོད་མིའི་ཆབ་སྲིད་ཀྱི་དགོས་འདུན་ངོ་མ་ག་རེ་ཡིན་པ་ཤེས་རྟོགས་ཡོང་གི་མེད་པ་མ་ཟད། ཐ་ན་བོད་པའི་ངོས་ནས་ཁ་བྲལ་གཏོང་གི་ཡོད་པའི་ངོས་འཛིན་བྱེད་མཁན་ཡོང་གི་ཡོད། དོན་དངོས་ཐོག་བོད་མིའི་དགོས་འདུན་ངོ་མ་ནི་བོད་ཀྱི་ཆོས་དང་། རིག་གཞུང་སྲུང་སྐྱོབ་ཐུབ་སླད་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་སྐོར་སོགས་ནན་བརྗོད་གནང་ཡོད། ད་དུང་ཁོང་གིས་ཚོགས་འདུ་བའི་དྲི་བར་ལན་འདེབས་གནང་སྐབས། ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་གི་དབུ་ཁྲིད་གསར་པ་ཚོས་བོད་ཐོག་འཛིན་པའི་སྲིད་བྱུས་ཡག་ཏུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས།
དེ་རིང་གི་བགྲོ་གླེང་ཚོགས་འདུ་དེ་ནི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་སྤྱི་དམངས་སྟོབས་ཤུགས་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ་དོན་གཉེར་བྱེད་མཁན་རྒྱ་རིགས་ཚོགས་པས་གོ་སྒྲིག་བྱས་ཤིང་། ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་གཞོགས་འདེགས་བྱས་པ་ཞིག་ཡིན། ཐེངས་འདིའི་བགྲོ་གླེང་ཚོགས་འདུར་རྒྱ་ནག་སྐམ་ས་ཆེན་པོ་དང་། ནིའུ་ཡོཀ སྦོ་སི་ཊོན། ཝ་ཤིང་ཊོན་སོགས་ས་གནས་ཁག་ནས་ཕེབས་པའི་རྒྱ་རིགས་སློབ་ཕྲུག་དང་། ཤེས་ཡོན་ཅན། དེ་མིན་བོད་ཀྱི་གནད་དོན་ལ་དོ་སྣང་ཡོད་པའི་ཕྱི་རྒྱལ་བ་བཅས་མི་གྲངས་ ༤༠ ཙམ་མཉམ་ཞུགས་གནང་ཡོད།
སྦོ་སི་ཊོན་ནས་ཡིན་པའི་མཚན་སྨོས་འདོད་མེད་པའི་རྒྱ་རིགས་སློབ་ཕྲུག་གཅིག་གིས་བརྗོད་དོན། དེ་རིང་གི་བགྲོ་གླེང་དེ་དུས་ཚོད་ཐུང་ཐུང་ཡིན་ཡང་། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་མཚན་ག་རེ་ཡིན་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་རང་ལུས་མེར་སྲེག་གི་གནད་དོན་ལ་གཟིགས་ཕྱོགས་གང་འདྲ་ཡོད་པ་བཅས་ཀྱི་སྐོར་ལ་དེ་སྔ་ལས་ཤེས་རྟོགས་ཟབ་ཏུ་ཕྱིན་བྱུང་། ཞེས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པར་འགྲེལ་བརྗོད་གནང་ཡོད།
སྐུ་ཚབ་དོན་གཅོད་ཀྱིས་བོད་རྒྱ་ཞི་མོལ་དང་། རང་ལུས་མེར་སྲེག་སོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་སྐབས། བོད་མིས་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་གནས་ཚུལ་མཚམས་ཆོད་པ་བཟོ་ཐུབ་མཁན་ནི་རྒྱ་ནག་གཞུང་རེད། ཅེས་ནན་བརྗོད་གནང་ཡོད་པ་བཅས། །