༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༡ ནས་ ༢༥ བར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་གར༌གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་འོག བཞུགས་སྒར་རྡ་རམ་ས་ལའི་གསར་འགོད་ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་ (Indian Institute of Mass Communication) གི་གསར་འགོད་ལས་རིགས་ཐོག་སློབ་སྦྱོང་གནང་མཁན་ལོ་མཐའ་མའི་སློབ་ཕྲུག་ཁག་གཅིག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་སྐོར་བསྐྱོད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད།
སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སློབ་ཕྲུག་ཚོར་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། བོད་ཀྱི་གནད་དོན་དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐོག་གི་གནད་དོན་གལ་ཆེ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་ཏེ་བོད་མི་རྣམས་ཀྱིས་བོད་དོན་བདེན་མཐའ་སེལ་ཐབས་བྱེད་བཞིན་ཡོད་པ་དང། བོད་ནང་གི་ཛ་དྲག་གནས་སྟངས་ལ་ཆ་མཚོན་ན། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་བར་བོད་མི་ ༡༠༧ ལྷག་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་བཞིན་ཐེངས་འདིར་སློབ་མ་རྣམས་རྡ་སྟེང་བོད་ཁྱིམ་དུ་སྐོར་བསྐྱོད་གནང་སྐབས་རྡ་སྟེང་བོད་ཁྱིམ་གྱི་དྲུང་ཆེ་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་བོད་ཁྱིམ་འགོ་བཙུགས་སྟངས་དང་། བོད་ནས་བཙན་བྱོལ་དུ་ཕེབས་པའི་སློབ་མ་རྣམས་སློབ་འཇུག་བྱེད་སྟངས་སྐོར་སོགས་ངོ་སྤྲོད་གནང། དེ་རྗེས་སླར་ཡང་སློབ་ཕྲུག་རྣམས་གངས་སྐྱིད་ལས་ཁུངས་ཁག་ཏུ་བཅར་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང་ལྷན་བགྲོ་གླེང་གནང་སྐབས་འགན་འཛིན་མཆོག་གིས་ཉམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་སྐོར་སོགས་གསལ་བཤད་གནང་ཡོད། གཞན་ཡང་རྒྱ་གར་སློབ་མ་རྣམས་ཀྱིས་ཐེངས་འདིར་རྡ་སར་རྟེན་གཞི་བྱས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་བོད་མིའི་ཚོགས་སྡེ་ཁག་གི་འགན་འཛིན་རྣམས་ཐུག་འཕྲད་གནང་ཡོད་པ་མ་ཟད། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་རིམ་འགྲོ་བཞིན་པ་དེར་ཁྱུག་ཙམ་ཟུར་ཉན་དུ་ཕེབས་ཡོད།
དེ་ཡང་སྐོར་བསྐྱོད་དུ་ཕེབས་པའི་རྒྱ་གར་གྱི་སློབ་ཕྲུག་ནི་ཧཱལ་པ་ར་སར་ (Nihal Parashar)ལགས་ཀྱིས་གསུང་དོན། ཐེངས་འདིའི་སྐོར་བསྐྱོད་བརྒྱུད་ངས་བོད་མི་རྣམས་ཀྱིས་ལོ་ངོ་དྲུག་ཅུ་ལྷག་རིང་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་གནས་སྟངས་སྐོར་ཤེས་རྟོགས་གཏིང་ཟབ་བྱུང་། ང་རང་མི་སྒེར་ཞིག་གི་ངོས་ནས་མི་ཚེ་ཧྲིལ་པོའི་རིང་གང་ཐུབ་བོད་མིའི་འཐབ་རྩོད་ནང་ཆ་ཤས་ལེན་རྒྱུ་ཡིན། ཞེས་གསུངས་ཡོད། འཕགས་བོད་འབྲེལ་མཐུད་ལས་ཁང་ནས་སློབ་ཕྲུག་རྣམས་ལ་བོད་དང་འབྲེལ་བའི་དཔེ་དེབ་འགྲེམས་སྤེལ་གནང་ཡོད་པ་མ་ཟད། ཁོང་རྣམས་ལྡི་ལི་ནས་རྡ་སར་མ་ཐོན་གོང་ལྡི་ལི་སྐུ་ཚབ་དོན་ཁང་གི་གསར་འགོད་འབྲེལ་མཐུད་པ་བསྟན་འཛིན་ལེགས་བཤད་ལགས་དང་ལྷན་བགྲོ་གླེང་གནང་ཡོད།
ཐེངས་འདིའི་ཤེས་ཡོན་སྐོར་བསྐྱོད་ཀྱི་ལས་རིམ་ཐོག་རྒྱ་གར་བ་སློབ་ཕྲུག་གྲངས་ ༢༨ དང་ལས་བྱེད་ ༢ བཅས་ཁྱོན་མི་གྲངས་སུམ་ཅུ་མཉམ་ཞུགས་གནང་ཡོད་པ་བཅས། །
སྲིང་སྐྱོང་མཆོག་གིས་རྒྱ་གར་གསར་འགོད་ལས་རིགས་ཀྱི་སློབ་ཕྲུག་ཁག་གཅིག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བ།
གསར་གནས།
འབྲེལ་གནས།