༢༠༡༣ ཟླ་ ༣ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེ་ནས་ཡིན་པ་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་གོང་མའི་ཚོགས་མི་སྐུ་ཞབས་ར་ཇིབ་ཅནྡྲ་ཤེ་ཁར་ (Rajeev Chandrasekhar) མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༩ ཉིན་རྒྱ་གར་དབུས་གཞུང་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་མོ་ཧཱ་མ་ཐི་ཧ་མི་དི་ཨན་སཱ་རི་མཆོག་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་མི་རཱ་ཀུ་མར་མཆོག་གཉིས་ཀྱི་མཚན་ཐོག་ཏུ་ཕུལ་བའི་སྙན་ཞུའི་ནང་འཁོད་དོན།
རྒྱ་གར་དང་བོད་དབར་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་པ་མ་ཟད། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་གཞུང་ཕྱོགས་ནས་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཆབ་སྲིད་སྐྱབས་བཅོལ་གྱི་ཐོབ་ཐང་འབུལ་ལམ་ཞུས་ཡོད། སྤྱིར་བཏང་བོད་ནང་གི་བོད་མི་བརྒྱ་ཕྲག་བརྒལ་བས་རྒྱ་ནག་གཞུང་གི་དབང་འོག་ཏུ། འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་མེད་པ་ཡ་ང་བའི་གནས་སྟངས་དེར་རྒྱལ་སྤྱིའི་ནས་དོ་སྣང་ཡོང་ཆེད། རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད། རྒྱ་གར་ནི་འཛམ་གླིང་འདིའི་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་མང་པོས་མིག་དཔེ་ལྟ་ས་ཤིག་ཀྱང་ཆགས་ཡོད་པར་བརྟེན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ནང་གདན་འདྲེན་ཞུ་རྒྱུར་ངས་རེ་སྐུལ་ཞུ་བཞིན་ཡོད། དེ་ལྟར་གདན་ཞུ་ཐུབ་ཚེ་༸གོང་ས་ཏཱ་ལའི་བླ༌མ་མཆོག་གིས་ཕྱག་བསྟར་མཛད་བཞིན་པའི་ཞི་བདེ་དང་བཟོད་བསྲན་སོགས་རིན་ཐང་དེ་དག་ལ་ང་ཚོས་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཞིག་ཀྱང་མཚོན་ཐུབ་རྒྱུ་ཡིན། ཞེས་སོགས་འཁོད་འདུག་པ་བཅས། །