༢༠༡༣ ཟླ་ ༣ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་གྱི་རྒྱལ་ས་ལྡིའི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་མཚམས་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེ་གཞུང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༤ ཉིན་མགོན་པོ་གང་ཉིད་མཆོག་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ (Bagdogra) པག་ཌོག་རའི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས། འབྲས་ལྗོངས་གཞུང་གི་དགོན་སྣེ་ལྷན་ཁང་གི་དྲུང་ཆེས་གཙོས་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་དྲུང་ཆེ། དེ་བཞིན་ཀ་རྡོ་སྒང་གསུམ་སོགས་ཀྱི་མི་མང་རྣམས་པས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
མགོན་པོ་གང་ཉིད་མཆོག་པག་ཌོག་རའི་གནམ་ཐང་ནས་མངའ་སྡེའི་གཞུང་གི་ཐད་འཕུར་གནམ་གྲུ་བརྒྱུད་ར་ཝང་ལར་༸ཞབས་སོར་འཁོད་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པ་ཝན་ལྕམ་ལིང་མཆོག་གིས་དབུས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་བློན་ཆེན་ཁག་གཅིག རྒྱལ་ཚབ་རིན་པོ་ཆེ་མཆོག དེ་བཞིན་རིས་མེད་དགོན་སྡེ་ཁག་གི་དགེ་འདུན་པ་རྣམ་པས་གཙོས་མི་དམངས་དང་སློབ་ཕྲུག་སོགས་ཀྱིས་ལག་ཏུ་བཀྲ་ཤིས་པའི་མཆོད་རྫས་སྣ་ཚོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་འདུག་པ་བཅས། །