༢༠༡༣ ཟླ་ ༣ ཚེས་ ༢༣ རེས་གཟའ་སྤེན་པ།
༄༅། ཕྱི་ཟླ་ ༣ ཚེས་ ༢༤ ཉིན་སྨན་པ་ (Dr Robert Koch) མཆོག་ནས་ཕྱི་ལོ་ ༡༨༨༢ ལོར་ཀྲི་སྦི་ནད་གཞིའི་རྒྱུ་རྐྱེན་ནད་འབུ་ཞིག་ཡིན་པ་ཐོག་མར་ངོས་འཛིན་གྱིས་གསལ་བསྒྲགས་གནང་བའི་རྗེས་དྲན་ཞུ་བ་དང་། དུས་དེ་ནས་བཟུང་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་འཛམ་གླིང་ཀྲི་སྦི་ཉིན་མོ་ཞེས་ཡོངས་གྲགས་སྲུང་བརྩི་ཞུ་བཞིན་ཡོད། ཀྲི་སྦི་ནད་གཞི་འདི་བཞིན་སྔོན་འགོག་དང་། དུས་ཐོག་བརྟག་དཔྱད། སྨན་བཅོས་ཚད་ལྡན་བཅས་ཀྱི་ལམ་ནས་སྨན་བཅོས་ཐུབ་པའི་ནད་ཞིག་ཡིན། ལོ་ལྟར་འཛམ་གླིང་ནང་མི་འབོར་ས་ཡ་དགུ་ཙམ་ནད་འདིས་གནོད་སྐྱོན་དང་། ས་ཡ་གཉིས་ཙམ་འདས་གྲོངས་སུ་འགྱུར་བཞིན་ཡོད།
བཙན་བྱོལ་སྤྱི་ཚོགས་ཁྲོད་ལོ་བཅུ་ཕྲག་ལྷག་གི་རིང་དཔལ་འབྱོར་གནས་སྟངས་དང་སྨན་བཅོས་མཐུན་རྐྱེན་བཟང་དུ་ཕྱིན་པའི་རྐྱེན་གྱིས་ཀྲི་སྦི་ནད་གཞིའི་དཀའ་ངལ་ཆུང་དུ་ཕྱིན་ཡོད་ཀྱང་། ད་དུང་མང་ཚོགས་ཁྲོད་ཀྲི་སྦི་ནད་གཞིའི་ཐོག་གོ་རྟོགས་ཞན་པ་དང་། ནད་པའི་ངོས་ནས་སྨན་བཅོས་ལྷོད་གཡེང་གཏོང་བ། ལག་བསྟར་གནང་མཁན་སྒེར་གྱི་སྨན་པ་ནས་སྨན་བཅོས་ཚད་ལྡན་ལག་བསྟར་མ་བྱུང་བ་སོགས་ལ་བརྟེན་ཀྲི་སྦི་རིམ་པ་གསུམ་པའི་ནད་ (MDR TB) ཇེ་མང་དུ་འགྲོ་བཞིན་པ་འདིས་རང་རེའི་སྤྱི་ཚོགས་ནང་འཕྲོད་བསྟེན་ཐོག་སེམས་ཚབས་སུ་གནས། ཀྲི་སྦི་རིམ་པ་གསུམ་པའི་ནད་ཀྱི་སྨན་བཅོས་དུས་ཡུན་ལོ་གཉིས་ལྷག་ཙམ་འགོར་བ་མ་ཟད་དཀའ་ངལ་ཡང་ཡོད། སྨན་བཅོས་འགྲོ་གྲོན་ཀྱང་ཧིན་སྒོར་འབུམ་གཉིས་ལྷག་ཙམ་གནས་ཀྱི་ཡོད་རྐྱེན་ནད་པ་དང་སྤྱི་ཚོགས། འཛིན་སྐྱོང་བཅས་ཚང་མར་ལྡོག་ཏུ་མེད་པའི་དཔལ་འབྱོར་གྱི་རྡོག་ཁྲིས་ཆེན་པོ་ཞིག་ཆགས་ཡོད།
འདི་ལོའི་འཛམ་གླིང་ཀྲི་སྦི་ཉིན་མོ་སྲུང་བརྩིའི་བརྗོད་གཞིི་ (Stop TB in my Lifetime) ངའི་མི་ཚེའི་ནང་ཀྲི་སྦི་ནད་འགོག གསལ་བསྒྲགས་དགོངས་དོན་མང་ཚོགས་ཀྱི་ངོས་ནས་ཀྲི་སྦི་ནད་གཞིའི་ཐོག་གནས་ཚུལ་ཆ་ཚང་ཤེས་རྟོགས་དང་འབྲེལ་མི་ཚེར་ཀྲི་སྦི་ནད་གཞི་འགོག་ཐུབ་པ་བྱ་རྒྱུ་གལ་ཆེར་སོང་། རང་དང་རང་གི་དགའ་ཉེ་སུ་ཞིག་གློ་གཅོང་རྒྱབ་པ། མཚན་མོར་ཚ་བ་ཆུང་ཟད་འཕར་བ། ལུས་རྔུལ་བ། བྲང་ཁོག་གམ་རོ་སྟོད་ལ་ན་ཟུག་རྒྱག་པ། ལུས་ཀྱི་ལྗིད་ཚད་ཆགས་པ། ལམ་བགྲོད་བྱེད་སྐབས་དབུགས་བསགས་པ། ཁ་ལག་དྭང་ག་བརླག་པ་སོགས་ནད་གཞིའི་མངོན་རྟགས་བྱུང་མཚམས་སྣང་ཆུང་དུ་མ་སོང་བར་ཐག་ཉེའི་རྒྱ་གར་ས་གནས་གཞུང་གི་སྨན་ཁང་དང་འཕྲོད་བསྟེན་སྨན་ཁང་གང་རུང་དུ་ལམ་འཕྲལ་བསྟེན་གཏུགས་དགོས་པ་ཡིན།
ནད་པ་རྣམས་ནས་སྨན་བཅོས་འཐུས་ཚང་བྱ་དགོས་པ་མ་ཟད་ནད་གཞི་མི་གཞན་ལ་མ་འགོས་ཆེད་རྒྱུན་དུ་ཁ་རས་བེད་སྤྱོད་བྱ་རྒྱུ་གལ་ཆེན་པོ་ཡིན། སྤྱི་ཚོགས་ངོས་ནས་ནད་པ་རྣམས་ལ་མཐོང་ཆུང་དང་དབྱེ་བྱེད་མེད་པར། བདེ་བ་འདོད་མཁན་གཅིག་མཚུངས་ཡིན་པའི་བསམ་ཤེས་ཀྱིས་བྱམས་སྐྱོང་དང་སྙིང་རྗེ་ལྡན་པའི་ཐོག་ནས་ནད་གཞི་བཅོས་ཐབས་སུ་རྒྱབ་སྐྱོར་གང་ཐུབ་གནང་རྒྱུ་གལ་ཆེན་པོ་ཡིན། མཐའ་དོན་རང་རེའི་སྤྱི་ཚོགས་ཁྲོད་ཀྲི་སྦི་ནད་གཞི་སྔོན་འགོག་དང་ཁྱབ་གདལ་དུ་མི་འགྲོ་བའི་ཆེད་རྒན་གཞོན་བར་གསུམ་ཚང་མས་ཕྱར་འགྲུ་མཉམ་འདེགས་ཡོང་བའི་རེ་སྐྱུལ་ཞུ་རྒྱུ་དང་། རིང་པོར་མི་ཐོགས་པར་རང་རེའི་སྤྱི་ཚོགས་ཁྲོད་ཀྲི་སྦི་ནད་གཞི་རྩ་འགོག་ཐུབ་པའི་རེ་སྨོན་ཞུ་རྒྱུ་བཅས། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ནས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༤ ལ།།