༢༠༡༣ ཟླ་ ༣ ཚེས་ ༢༣ རེས་གཟའ་སྤེན་པ།
༄༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་ཀུན་ཕན་ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་ཐོག ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ (Taj Hotel) ཏ་ཇེ་གསོལ་མགྲོན་ཁང་དུ་ལྡི་ལིའི་ཉེར་འཁོར་གྱི་སློབ་གྲྭ་ཁག་བཅུ་གཅིག་ཙམ་ནས་ཆེད་བཅར་ཞུས་པའི་རྒྱ་གར་གྱི་སློབ་དགེ་དང་སློབ་མ་ ༢༧༠ བརྒལ་བར་ཆོས་ལུགས་རིས་མེད་ཀྱི་བསླབ་བྱ་དང༌། མི་ཡ་རབས་བཟང་པོ་ཞིག་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདི་གར་ཁྱེད་རང་ཚོ་དང་ཁྱུག་ཙམ་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཁྱེད་རང་ཚོ་ནི་དུས་རབས་ཉེར་གཅིག་གི་འགན་འཁུར་མཁན་གྱི་ན་གཞོན་ཤ་སྟག་ཆགས་ཡོད། སྤྱིར་བཏང་ངོས་རང་དུས་རབས་ཉི་ཤུ་པའི་མི་རབས་ཤིག་ཆགས་ཡོད། ང་ཚོའི་དུས་རབས་སྐབས་ཚན་རིག་གི་དངོས་པོའི་གོང་འཕེལ་ཧ་ཅང་ཤུགས་ཆེན་པོ་བྱུང་ཡོད་པའི་དུས་རབས་ཤིག་ཡིན། འོན་ཀྱང་དུས་རབས་དེའི་ནང་དུས་རབས་ཉེར་གཅིག་ནང་གི་ལོ་རྒྱུས་སྨྲ་བ་ཚོས་དྲག་པོའི་བྱ་སྤྱོད་འོག་མི་གྲངས་ས་ཡ་ ༢༠༠ བརྒལ་བའི་ཚེ་སྲོག་ཤོར་ཡོད་སྐོར་བརྗོད་ཀྱི་འདུག དེར་བརྟེན་གནས་ཚུལ་དེ་དག་རང་བྱུང་ཁམས་ཀྱི་གནོད་འཚེ་ལས་བྱུང་བ་ཞིག་མ་ཡིན་པར་ང་ཚོ་མིས་བཟོས་པའི་དཀའ་ངལ་ཞིག་ཆགས་ཡོད་སྟབས། ད་ལྟའི་དུས་རབས་ཉེར་གཅིག་པ་འདི་བཞིན
་ཞི་བདེ་དང་ལྡན་པའི་དུས་རབས་ཤིག་བསྐྲུན་རྒྱུའི་འགན་དང་གོ་སྐབས་གཞོན་སྐྱེས་ཁྱེད་རང་ཚོར་ཡོད། དུས་རབས་འདི་ནས་ལོ་བཅུ་གསུམ་མ་གཏོགས་ཕྱིན་མེད་པར་བརྟེན། ད་དུང་ལོ་བཅུ་ཕྲག་མང་པོ་ཡོང་རྒྱུ་ཡོད་པ་དེ་ཞི་བདེ་དང་ལྡན་པ་ཡོང་ཐབས་བྱེད་དགོས།
སྤྱིར་བཏང་ཞི་བདེ་བརྗོད་སྐབས་དཀའ་ངལ་དང་རྙོག་གྲའི་གཞི་རྩ་བ་ནས་མེད་སྐོར་བརྗོད་ཀྱི་མེད། མིའི་དགོས་མཁོ་དང་བསམ་ཚུལ་མི་མཐུན་པ་སོགས་ཀྱིས་རྐྱེན་པས་སྤྱི་ཚོགས་ནང་དཀའ་ངལ་འཕྲད་སྐབས། དཀའ་ངལ་དེ་དག་གྲོས་མོལ་ལམ་ནས་སེལ་ཐབས་བྱེད་དགོས། གང་ལྟར་དུས་རབས་ཉེར་གཅིག་འདི་བཞིན་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེེལ་ཐབས་བྱེད་དགོས་པའི་དུས་རབས་ཤིག་ཆགས་རྒྱུར་འབད་བརྩོན་བྱེད་དགོས། འཛམ་གླིང་འདིའི་ནང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཡོངས་རྫོགས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་སྟབས། ང་ཚོ་ཚང་མས་འགྲོ་བ་མི་ཞིག་ཡིན་པའི་གཞི་རྩའི་ཐོག་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་རྒྱ་གར་བ་ཚོ་ཕ་མེས་ནས་ཡོད་པའི་འཚེ་བ་མེད་པའི་ལྟ་གྲུབ་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པའི་ཆ་ནས་འགན་འཁུར་ཆེ་ཙམ་ལེན་དགོས། ངོས་རང་གི་མི་ཚེའི་ནང་དོར་ཐབས་མེད་པའི་འགན་ཁུར་ནི། འགྲོ་བ་མིའི་རྒྱུད་ལ་བཟང་སྤྱོད་གོང་འཕེལ་གཏོང་ཐབས་དང་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་ཡོང་ཐབས་བྱ་རྒྱུ་ཡིན།
འཛམ་གླིང་འདིའི་ནང་ཤེས་ཡོན་གྱི་གཞི་རྩའི་སྲིད་བྱུས་ཁག་ནི་གཙོ་བོ་ཕྱི་དངོས་པོ་ཡར་རྒྱས་གཏོང་ཕྱོགས་ལ་གཞི་བཅོལ་བ་མ་གཏོགས་ནང་སེམས་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་དེ་ཙམ་མེད། དེར་བརྟེན་སློབ་གྲྭ་ཁག་ནང་དུ་ནང་སེམས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ཐོག་ནས་ཤེས་ཡོན་སྤྲད་ཐུབ་ན། ཤེས་ཡོན་དེ་བརྒྱུད་ནས་གཞན་ཕན་བསྒྲུབ་རྒྱུ་ཞིག་བྱུང་ན། འཛམ་གླིང་འདི་ཞི་བདེ་དང་ལྡན་པ་ཞིག་ཡོང་རྒྱུར་ཏན་ཏན་ཕན་ཐོགས་ཡོང་གི་རེད། དེ་བཞིན་སློབ་ཕྲུག་ཚོས་སློབ་སྦྱོང་བྱེད་སྐབས། རིམ་པ་དང་པོ་དགེ་རྒན་གྱིས་སློབ་ཁྲིད་གནང་བ་དེ་ཉན་དགོས། རིམ་པ་གཉིས་པ། དགེ་རྒན་གྱིས་སློབ་ཁྲིད་གནང་བ་དེའི་ཐོག་སོ་སོ་རང་ཉིད་ངོས་ནས་བགྲོ་གླེང་དང་དཔྱད་པ་མཐར་ཕྱིན་བྱས་ཏེ་ངེས་ཤེས་རྙེད་པ་བྱེད་ཐུབ་པ་དགོས། རིམ་པ་གསུམ་པ། གང་ཞིག་ངེས་ཤེས་རྙེད་པ་དེའི་ཐོག་གོམས་འདྲིས་བྱས་ཚེ་ནམ་ཞིག་གནས་ཚུལ་བྱུང་སྐབས། འབད་བརྩོན་དེ་ཙམ་བྱེད་མ་དགོས་པའི་ཐོག་ནས་ལན་འདེབས་བྱེད་ཐུབ། དེར་བརྟེན་སློབ་ཕྲུག་ཚོས་དེ་སེམས་ལ་ངེས་པ་བྱས་ཏེ་འབད་བརྩོན་ཆེ་ཙམ་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་དང་སློབ་ཕྲུག་གི་དྲི་བར་བཀའ་ལན་སྩལ་ཡོད།
ལྷག་པར་ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གྱི་གནད་ཡོད་མི་སྣ་དང་ནང་ཆོས་དོན་གཉེར་བ་ཁག་གཅིག་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་༼ལམ་རིམ་བསྡུས་དོན༽ ཆོས་འབྲེལ་དབུ་འཛུགས་མཛད་ཡོད།