༢༠༡༣ ཟླ་ ༣ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༡ ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཌེ་ཝིཌ་སུ་ཝི་ཊི་ (David Sweet) མཆོག་གིས་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་གནང་བའི་ནང་འཁོད་དོན། འདས་པའི་བདུན་ཕྲག་འགའ་ཤས་སྔོན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྐབས་སུ་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན། དེ་བཞིན་དམར་ཤོག་ཚོགས་པའི་འགོ་ཁྲིད་གསར་པ་བསྐོ་གཞག་བྱས་པའི་མཛད་སྒོ་དེ་འཛམ་གླིང་མི་མང་ཚོས་མཐོང་ཡོད། སྐབས་དེར་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་མི་དམངས་ཀྱི་འཚོ་བའི་གནས་སྟངས་བཟང་དུ་གཏོང་རྒྱུ་ཡིན་པའི་གཏམ་བཤད་བྱས་པ་དེ་དོན་དམ་ལག་ལེན་ཐོག་ཇི་ལྟར་འཁེལ་མིན་ང་ཚོས་ལྟ་དགོས་པ་ནི། བོད་ནང་གི་ཛ་དྲག་གནས་སྟངས་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཤུགས་ཆེ་རུ་བཏང་བར་བརྟེན་གནས་སྟངས་ཧ་ཅང་ཛ་དྲག་ཏུ་འགྲོ་བཞིན་ཡོད། ཛ་དྲག་གནས་སྟངས་དེའི་འོག་སྲིད་འཛིན་ཞི་ཅིན་ཕིང་གིས་བཙན་བྱོལ་བོད་མིའི་དབུ་ཁྲིད་དང་ལྷན་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་འོག་ཞི་བདེ་དང་བརྟན་ལྷིང། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་བོད་རྒྱ་མི་རིགས་འཆམ་མཐུན་ངང་གནས་ཐུབ་པ་ཡོང་ཆེད་ང་ཚོས་སྙིང་ཐག་པ་ནས་རེ་འདུན་ཞུ་བཞིན་ཡོད། ཅེས་གསུངས་རྗེས་ཕྱག་སྦྲེལ་འཐུས་མི་ཚོས་དགའ་བསུ་ཞུས་ཡོད་འདུག་པ་བཅས།།