༢༠༡༣ ཟླ་ ༣ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༡༩༤༥ ནང་བོད་ཀྱི་རྒྱལ་ས་ལྷ་སར་དབྱིན་གཞུང་གི་སྐུ་ཚབ་ཚོགས་པའི་ནང་མཉམ་ཞུགས་གནང་མཁན་སྐུ་ཞབས་རོ་བྷ་ཊི་ཕོ་ཌ་མཆོག་ (Mr Robert Ford CBE) ད་ཆ་དགུངས་གྲངས་དགུ་བཅུར་ཕེབས་ལ་ཉེ་བར་བརྟེན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༣ རེས་གཟའ་སྤེན་པའི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་དབྱིན་ཡུལ་དུ་གནས་སྡོད་བོད་རིགས་རྣམས་མཉམ་འཛོམས་ཐོག་འཁྲུངས་སྐར་སྲུང་བརྩི་ཞུ་གཏན་འཁེལ་འདུག
སྐུ་ཞབས་རོ་བྷ་ཊི་ཕོ་ཌ་མཆོག་ནི་ཕྱི་ལོ་ ༡༩༤༥ ལོར་བོད་དུ་ཐོག་མར་ཕེབས་ཏེ་དགུང་གྲངས་ ༡༡ ལ་ཕེབས་པའི་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་།
ཕྱི་ལོ་ ༡༩༤༧ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་ནས་སྐུ་ཞབས་རོ་བྷ་ཊི་ཕོ་ཌ་མཆོག་ལ་བོད་ནང་རྒྱང་བསྒྲགས་ལས་ཁུངས་གསར་འཛུགས་ཀྱི་ལས་གཞིའི་ཐོག་ལས་བཀོད་གནང་བ་ལྟར། སྐུ་ཞབས་རོ་བྷ་ཊི་ཕོ་ཌ་མཆོག་གིས་བོད་ནང་ཏར་འཕྲིན་འཛུགས་སྐྲུན་གྱི་ལས་གཞི་ཡོངས་རྫོགས་འགན་འཁུར་རྐང་བཞེས་ཀྱིས་བོད་ནང་ཏར་འཕྲིན་གསར་འཛུགས་གནང་བ་མ་ཟད། བོད་མི་ཁག་གཅིག་ལ་ཏར་འཕྲིན་འཛུགས་སྐྲུན་གྱི་ལས་གཞིའི་ཐོག་ཟབ་སྦྱོང་ཡང་སྤྲད་ཡོད། ཕྱོགས་མཚུངས་བོད་ས་ཡོངས་སུ་ཏར་འཕྲིན་བརྒྱུད་ལམ་མཐུད་རྒྱུའི་ལས་གཞིའི་ཐོག་ཕྱག་ལས་གནང་བ་སོགས་ལ་བརྟེན། ཁོང་ནི་བོད་གཞུང་གིས་གཞུང་ཞབས་མཚན་གནས་གནང་བའི་ཕྱི་གླིང་པ་ཐོག་མ་ཆགས་ཡོད།
ཕྱི་ལོ་ ༡༩༥༠ ནང་རྒྱ་མིའི་དམག་མི་ཆབ་མདོར་འབྱོར་ཏེ་སྐུ་ཞབས་རོ་བཧ་ཊི་ཕོ་ཌ་མཆོག་འཛིན་བཟུང་བྱས་ཏེ། ལོ་ལྔ་ཙམ་རིང་བཙོན་འཇུག་བྱས་མཐར་ཕྱི་ལོ་ ༡༩༥༥ ལོར་རྒྱ་མི་དམར་པོས་སྐུ་ཞབས་རོ་བཧ་ཊི་ཕོ་ཌ་མཆོག་བོད་ནས་ཕྱིར་འབུད་བྱས་ཡོད། ཐེངས་འདིར་སྐུ་ཞབས་རོ་བྷ་ཊི་ཕོཌ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་ཉིན་མོ་དེ་བཞིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཀེ་ལ་ཤཱ་ཚོགས་ཁང་དུ་ (Kailash Centre) སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་དབུ་བཞུགས་ཐོག་སྲུང་བརྩི་ཞུ་རྒྱུ་ཡིན་འདུག མཛད་སྒོའི་སྐབས་སྐུ་ཞབས་རོ་བྷ་ཊི་ཕོ་ཌ་མཆོག་གིས་ནང་མི་དང་ལྷན་མཉམ་ཞུགས་གནང་རྒྱུ་ཡིན་པ་མ་ཟད། བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང་བོད་པའི་གྲོགས་པོ་སོགས་ཀྱང་མཉམ་ཞུགས་གནང་སྟེ་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུ་རྒྱུ་ཡིན་འདུག
དེ་ཡང་གནས་ཚུལ་འདི་དང་འབྲེལ་ནས་སྐུ་ཚབ་དོན་གཅོད་ཀྱིས་གསུང་དོན། སྐུ་ཞབས་རོ་བྷ་ཊི་ཕོ་ཌ་མཆོག་ནི་བོད་རང་དབང་རང་བཙན་གཙང་མའི་རྒྱལ་རབས་དངོས་སུ་མྱོང་མཁན་ད་ལྟ་འཚོ་བཞུགས་ཕྱི་གླིང་པ་གཅིག་པུ་དེ་ཆགས་ཡོད། དེར་བརྟེན་ཁོང་ནི་བྱུང་རབས་ཁྲོད་བོད་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པའི་དཔང་པོ་ཞིག་ཀྱང་ཆགས་ཡོད། ང་ཚོས་ཁོང་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་གྱི་མཛད་སྒོ་གོ་སྒྲིག་ཞུ་རྒྱུ་བྱུང་བ་ཧ་ཅང་དགའ་ཚོར་དང་ཆེ་མཐོང་ཐོབ་བྱུང། ཞེས་གསུངས་འདུག་པ་བཅས། །