༢༠༡༣ ཟླ་ ༣ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༠ ཉིན་ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པའི་འཐུས་མི་ས་ར་ཧན་སོན་ཡང (Sarah Hanson-Young) ལགས་ཀྱིས་བཏོན་པའི་བོད་དོན་རྒྱབ་སྐྱོར་གྱི་གྲོས་འཆར་དེ་གྲོས་ཚོགས་གོང་མའི་ནང་གཏན་འབེབས་བྱུང་ཡོད། དེ་ཡང་གྲོས་འཆར་དེའི་ནང་འཁོད་དོན།
ཨོ་སི་ཊོ་ལི་ཡའི་སྲིད་གཞུང་གིས་རྒྱ་ནག་གཞུང་ལ།
༡༽ བོད་ཀྱི་ས་ཁུལ་ཁག་ཏུ་འཕྲད་བཞིན་པའི་ཛ་དྲག་དཀའ་ངལ་རྣམས་སེལ་ཆེད་རེ་འདུན་འདོན་དགོས་པ།
༢༽ བོད་ཀྱི་ས་ཁུལ་ཁག་ཏུ་དྲག་གནོན་དང་སོ་ལྟ་བྱ་རྒྱུས་མཚོན་དམ་བསྒྲགས་ཅན་གྱི་སྲིད་བྱུས་ཤུགས་ཆེ་རུ་གཏོང་བཞིན་པ་དེས་གནས་སྟངས་དེ་བས་ཚབས་ཆེ་རུ་འགྲོ་བཞིན་པར་བརྟེན། དམ་བསྒྲགས་ཅན་གྱི་སྲིད་བྱུས་དེ་དག་འཕྲལ་མར་མཚམས་འཇོག་དགོས་པའི་རེ་འདུན་འདོན་དགོས་པ།
༣༽ བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང་། གཞུང་འབྲེལ་རྟོག་ཞིབ་མི་སྣ་འགྲོ་བསྐྱོད་རང་དབང་ལ་དམ་བསྒྲགས་བྱས་དང་བྱེད་མུས་ཡིན་པ་དེ་མཚམས་འཇོག་བྱེད་དགོས་པའི་རེ་འདུན་འདོན་དགོས་པ།
༤༽ ད་ལྟའི་བོོད་ནང་གི་ཛ་དྲག་གནས་སྟངས་དེ་བས་ཇེ་སྡུག་ཏུ་མི་འགྲོ་ཆེད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་འབྲེལ་མོལ་བསྐྱར་གསོ་གང་མགྱོགས་འགོ་འཛུགས་བྱེད་དགོས་པའི་རེ་འདུན་འདོན་དགོས་པ། ཅེས་སོགས་དོན་ཚན་བཞི་ཅན་གྱི་གྲོས་འཆར་དེར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མའི་ནང་ལམ་ལྷོང་ལྡན་པའི་ཐོག་ནས་གཏན་འབེབས་གནང་ཐུབ་པ་བྱུང་འདུག