༢༠༡༣ ཟླ་ ༣ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༥ ཉིན་ནོར་ཝེ་རོགས་ཚོགས་ཀྱི་ལས་འཆར་སློབ་སྟོན་པ་ལྕམ་སྐུ་བྷ་སི་ཝར་ཏི་ཅཀྲ་ཝར་ཏི་ (Ms. Bhaswati Charavorty) ལགས་རྡ་སར་ཆེད་ཕེབས་གནང་སྟེ། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་འཁོར་ལྷ་ཚངས་བསོད་ནམས་སྟོབས་རྒྱལ་ལགས་དང་དྲུང་འཕར་འཆི་མེད་རིག་འཛིན་ལགས་ཀྱིས་གཙོས་དཔལ་འབྱོར་ལས་ཁུངས་ཀྱི་ནོར་ཝེ་རོགས་ཚོགས་ལས་གཞིའི་འབྲེལ་མཐུད་པ་དབང་ཕྱུག་ལགས་བཅས་དང་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིིའི་གཞིས་ཆགས་ཀྱི་ལས་གཞི་འགྲོ་བཞིན་པ་དང་འཆར་ལོ་ ༢༠༡༤ ལོའི་ལས་འཆར་ཁག་གཅིག་གི་སྐོར་ཆུ་ཚོད་ ༢།༣༠ ཙམ་རིང་གོ་བསྡུར་གནང་ཡོད།
སྐབས་དེར་གོ་བསྡུར་གནང་བའི་དོན་ཚན་དང་པོའི་ནང་གི་གནད་དོན་གཙོ་བོའི་ཁྲོད། བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་དང་ཏེ་ཛུ་དར་རྒྱས་གླིང། ཨ་རུ་ན་ཅལ་པར་ཌེ་ཤི་བཅས་ཀྱི་ནང་སྐྱེ་ལྡན་སོ་ནམ་གྱི་ལས་གཞི་རྒྱ་སྐྱེད་དང། མཇུག་སྐྱོང་གནང་ཆེད་འགྲོ་གྲོན་ཧིན་སྒོར་བསྡོམས་ ༥ ༥༠༦ ༢༡༥།༠༠ (Rs. 5,506,215.00.) ཡིན་པ་དང། སྦེལ་ཀོབ་གཞིས་ཆགས་སུ་སྐྱེ་ལྡན་སོ་ནམ་འདེབས་ལས་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་ (Organic Research & Training Centre) དུ་སྨན་རྩའི་ཉམས་ཞིབ་ལས་གཞིའི་ Herbal & Medicinal plant Research Project ཆེད་འགྲོ་གྲོན་བསྡོམས་ཧིན་སྒོར་ ༧༡༤ ༦༩༤ །༠༠ (714,694.00) ཡིན་འདུག
ཕྱོགས་མཚུངས་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་འདེབས་ལས་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་གི་སྦྱོང་བརྡར་ཚོགས་ཁང་ཉམས་གསོ་དང་རྨོད་རྒྱག་འཕྲུལ་འཁོར་ (Tractor) གསར་ཉོ་བཅས་ཀྱི་ཆེད་འགྲོ་གྲོན་བསྡོམས་ཧིན་སྒོར་ ༡ ༣༣༦ ༦༥༠ །༠༠ (1,336,650.00) ཡིན་འདུག དོན་ཚན་གཉིས་པའི་ནང་གི་གནད་དོན་གཙོ་བོ་རྣམས་ནི། ཕྱི་ལོ་ ༢༠༡༣ དང་ཕྱི་ལོ་ ༢༠༡༤ ལོར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་སྐྱེ་ལྡན་སོ་ནམ་རྒྱུན་འཁྱོངས་དང་སྨན་རྩའི་ཉམས་ཞིབ་ལས་གཞིའི་ཆེད་འགྲོ་གྲོན་བསྡོམས་ཧིན་སྒོར་ ༤༣༦༦༨༣༥།༠༠ (4,366,835.00) ཡིན་འདུག
གཞན་ཡང་སྐབས་དེར་གོ་བསྡུར་གནང་རྒྱུའི་གནད་དོན་གཞན་ཁག་གཅིག་ནི། ཕྱི་ལོ་ ༢༠༡༢།༢༠༡༣ ལོའི་ན་གཞོན་ནུས་སྟོབས་གོང་འཕེལ་རོགས་སྐྱོབ་ཀྱི་ལས་གཞི་ (YES) ནང་དངོས་སུ་མཉམ་ཞུགས་གནང་མཁན་གཞོན་སྐྱེས་སྦྱོང་བརྡར་བའི་གནས་སྟངས་ཇི་ཡིན་དང། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༣ དང་ཕྱི་ལོ་ ༢༠༡༤ ནང་གཞོན་སྐྱེས་མཉམ་ཞུགས་གནང་མཁན་ཚོའི་སྐོར་གོ་བསྡུར་གནང་བ་མ་ཟད། ནང་སྲིད་ལས་ཁུངས་འོག་བསྐོར་འཁོར་མ་དངུལ་བུན་གཡར་ (Revolving Loan Fund Projects) ལས་གཞི་ལག་བསྟར་བྱེད་བཞིན་པའི་སྐོར་སོགས་ཡིན་འདུག་པ་བཅས།།