༢༠༡༣ ཟླ་ ༣ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་ཚན་པས་ཐེངས་འདིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ལས་རིམ་རྣམས་ཐད་ཀར་བརྙན་འཕྲིན་བརྒྱུད་རྒྱང་སྲིང་ཞུ་རྒྱུ་མ་ཟད། གྷུ་གྷལ་དྲ་རྒྱ་བརྒྱུད་ཚོགས་དུས་ཐེངས་ལྔ་པའི་ལས་རིམ་རྣམས་དུས་ནམ་ཡིན་ལ་གཟིགས་ཐུབ་རྒྱུའི་ཆ་རྐྱེན་བསྐྲུན་རྒྱུ་ཡིན་འདུག ཉིན་རེའི་ཚོགས་ཐེངས་སྐབས་ཚོགས་ཐུན་བཞི་ནས་ལྔ་བར་ཁྱོན་ཆུ་ཚོད་ ༦ རིང་གི་ལས་རིམ་ཡོད་འདུག་པ་ཐད་གཏོང་གནང་རྒྱུ་ཡིན་འདུག
གཞན་ཡང་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༨ ནས་ཚེས་ ༢༨ བར་གྲོས་ཚོགས་འཚོགས་རྒྱུ་ཡིན་འདུག་པའི་ལས་རིམ་རྣམས་ཕྱི་དྲིལ་སྒྲ་བརྙན་ཚན་པའི་དྲ་རྒྱ་www.tibetonline.tv དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་ www.Chithu.org ཐོག་ཐད་ཀར་གཟིགས་རྒྱུ་ཡོད།
སྤྱིར་ཕྱི་དྲིལ་སྒྲ་བརྙན་ཚན་པས་ལོ་ལྟར་གྲོས་ཚོགས་ཚོགས་པའི་ལས་རིམ་རྣམས་འོད་སྡེར་བཟོ་སྐྲུན་གྱིས་བོད་མིའི་གཞིས་ཆགས་ཁག་གི་མང་ཚོགས་ནས་ས་གནས་ཀྱི་བརྙན་འཕྲིན་བརྒྱུད་ལམ་དང་སྤྱི་ཁང་ནང་གཟིགས་རྒྱུའི་སླད་འགྲེམས་སྤེལ་གནང་བཞིན་ཡོད། དེ་ལྟར་ཕྱི་དྲིལ་སྒྲ་བརྙན་ཚན་པའི་དྲ་རྒྱ་བརྒྱུད་འཛམ་གླིང་གི་ས་ཕྱོགས་གང་སར་གཟིགས་ཐུབ་རྒྱུ་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་རྡ་སའི་མི་མང་རྣམས་ཀྱི་ཆེད་ས་གནས་བརྙན་འཕྲིན་བརྒྱུད་ལམ་ཐོག་ནས་གཟིགས་རྒྱུའི་མཐུན་རྐྱེན་ཡང་བསྐྲུན་ཡོད་པ་བཅས།།