༢༠༡༣ ཟླ་ ༣ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༦ ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ཁུལ་དུ་རྟེན་གཞི་བྱས་པའི་(Tumkur University) ཏུམ་ཀུར་གཙུག་ལག་སློབ་གཉེར་ཁང་དང་སེར་བྱེས་གྲྭ་ཚང་གཉིས་ནས་གོ་སྒྲིག་ཞུས་ཐོག་སློབ་གཉེར་ཁང་དེའི་དགེ་ལས་སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བར་ (Contemporary Human Sufferings Wisdom of Bhagwan Buddha) ༼དེང་སྐབས་འཛམ་གླིང་ནང་འགྲོ་བ་མིའི་རིགས་ལ་འཕྲད་བཞིན་པའི་དཀའ་ངལ་སེལ་ཆེད་སྟོན་པ་བཅོམ་ལྡན་འདས་ཀྱི་བསླབ་བྱ་ཇི་ལྟར་ལེན་ཚུལ།༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད།
ཕྱི་ཚེས་ ༧ ཉིན་རྒྱ་གར་དབུས་སུ་ཆགས་པའི་ཆ་ཏི་སི་སྒར་ (Chattisgarh) མངའ་སྡེའི་རྒྱལ་ས་ར་ཡེ་པུར་དུ་རྟེན་གཞི་བྱས་པའི་ཁུ་ཤ་བྷའུ་ཐཀ་རེའི་གསར་འགྱུར་ལས་རིགས་དང་འབྲེལ་བའི་གཙུག་ལག་སློབ་གཉེར་ཁང་དེའི་བསླབ་པ་མཐར་སོན་གྱི་ (Kushabhau Thackeray University of Journalism and Mass Communication) དགའ་སྟོན་མཛད་སྒོ་ཐེངས་དང་པོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་རྣམས་ལ་བླང་དོར་གྱི་བཀའ་སློབ་སྩལ།
ཕྱི་ཚེས་ ༩ ཉིན་མགོན་པོ་གང་ཉིད་མཆོག་གིས་ལྡི་ལིར་ (Buddha Jayanti Park) སྟོན་པའི་སྐྱེད་མོས་ཚལ་ནང་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་སྩལ།
ཕྱི་ཚེས་ ༡༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་གསོ་རིག་སློབ་གཉེར་ཁང་གི་མིག་ནད་བརྟག་དཔྱད་སྡེ་ཚན་ཐོག་མར་འགོ་ཚུགས་པའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད།
ཕྱི་ཚེས་ ༡༡ ཉིན་རྒྱ་གར་གྱི་ཨུ་ཊར་པར་ཌེ་ཤི་མངའ་སྡེའི་མི་རཊ་ཁུལ་དུ་རྟེན་གཞི་བྱས་པའི་ (IIMT འམ་ Indian Institute of Management Training) ཞེས་པའི་སྙན་གྲགས་ཅན་གྱི་སྦྱོང་བརྡར་སློབ་གཉེར་ཁང་དེར་ཆིབས་སྒྱུར་བསྐྱངས་ཏེ་ལམ་སྟོན་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་མཚམས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༢ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་པ་ཀོར་དང་དེ་ནས་ཕེབས་འགྲོ་བརྒྱུད་ཆིབས་སྒྱུར་བསྐྱངས་སྐབས་གངས་སྐྱིད་དང་རྡ་སའི་མི་མང་གིས་གཙོས་དད་ལྡན་པ་རྣམས་ནས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། བཞུགས་སྒར་ཕོ་བྲང་རྒྱལ་སྒོའི་ནང་སྲིད་སྐྱོང་མཆོག་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཡོད་པ་བཅས། །