༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་གསོ་རིག་སློབ་གཉེར་ཁང་གི་མིག་ནད་བརྟག་དཔྱད་སྡེ་ཚན་གྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ ཉིན་མགོན་པོ་གང་ཉིད་མཆོག་གིས་སློབ་གཉེར་སྡེ་ཚན་དེ་ཐོག་མར་འགོ་ཚུགས་པའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་དོན།
ངོས་རང་དེ་རིང་རྒྱ་གར་རྒྱལ་ཡོངས་གསོ་རིག་སློབ་གཉེར་ཁང་གི་མིག་ནད་བརྟག་དཔྱད་སྡེ་ཚན་འགོ་བཙུགས་ནས་ལོ་ངོ་ ༤༦ འཁོར་བའི་དུས་དྲན་མཛད་སྒོར་ཁྱུག་ཙམ་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཐོག་མར་ངོས་ཀྱིས་འདི་གར་ལས་དོན་གཉེར་མཁན་ཚང་མར་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག་སྨན་པ་དང་ནད་གཡོག་གི་ལས་དོན་གཉེར་མཁན་ཚོར་དམིགས་བསལ་བསྔགས་བརྗོད་ཡོད། དེ་བཞིན་རྒྱ་གར་ནི་མི་རིགས་དང་། ཆོས་ལུགས་འདྲ་མིན་མཉམ་གནས་ཐུབ་སའི་གཞན་གྱི་མིག་དཔེ་བྱེད་འོས་པའི་མང་གཙོའི་རྒྱལ་ཁབ་ཁྱད་པར་ཅན་ཞིག་ཆགས་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་སྨན་ཁང་དེའི་ལས་བྱེད་བྱས་པ་ཅན་ཚོར་བྱ་དགའ་གསོལ་རས་སྩལ་ཡོད་པ་མ་ཟད། མིག་གི་ནད་པ་ཚོར་གཟིགས་ཞིབ་ཀྱང་མཛད་འདུག
སྤྱིར་བཏང་རྒྱལ་ས་ལྡི་ལིའི་གསོ་རིག་སློབ་གཉེར་ཁང་དང་སྨན་བཅོས་ཁང་གི་ཁོངས་གཏོགས་སུ་ཡུལ་དེའི་སྲིད་འཛིན་ཐོག་མ་ (Dr. Rajandra Prasad) ར་ཇེན་ཌར་པར་ས་ཌ་མཆོག་གི་མཚན་ཐོག་མིག་ནད་བརྟག་དཔྱད་ཀྱི་གསོ་རིག་སྡེ་ཚན་ཞིག་ཡོད་པ་དེ་འགོ་ཚུགས་ནས་མི་ལོ་ ༤༦ འཁོར་ཡོད་འདུག་པ་བཅས། །