༢༠༡༣ ཟླ་ ༣ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་སྐུ་ཚ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ ཉིན་ཐེ་ཝན་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ངོ་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་ ༥༤ པ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་ཐོག་མར་གོ་སྒྲིག་གནང་མཁན་གྱི་ཚོགས་སྡེ་ཁག་དང་། བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པའི་འགན་འཁུར་མི་སྣ་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བའི་ལས་རིམ་ངོ་སྤྲོད་གསལ་བཤད་གནང་ཡོད། དེ་རྗེས་མཛད་སྒོ་དངོས་གཞིའི་ཐོག་བོད་ཀྱི་དགེ་འདུན་རྣམ་པས་སྨོན་ལམ་གསུང་འདོན་དང་འབྲེལ་འགོ་འཛུགས་གནང། ཐེ་ཝན་གནས་སྡོད་བོད་མི་ཁག་གཅིག་གིས་རྒྱ་དམར་གྱིས་བོད་མིར་སྡུག་སྦྱོང་གཏོང་སྟངས་སྐོར་འཁྲབ་སྟོན་ཐུང་ཐུང་ཞིག་འཁྲབ་གྲུབ་མཚམས་བོད་ཀྱི་རྒྱལ་གླུའི་ཁྲོད་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་། དེ་ནས་ཐོག་མར་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་སྲིད་སྐྱོང་མཆོག་གི་གསུམ་དུས་ཀྱི་གསུང་བཤད་སྙིང་བསྡུས་དང་། ལྷག་དོན་བོད་མིའི་སྒྲིག་འཛུགས་ཀྱི་འཚེ་མེད་ཞི་བ་དང་དབུ་མའི་ལམ་གྱི་ལངས་ཕྱོགས་སྐོར་གསུང་བཤད་གནང་ཡོད།
དེ་ནས་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུམ་དུས་གསུང་བཤད་རྒྱ་སྐད་ཐོག་སྒྲོགས་སྦྱང་གནང་། དེ་བཞིན་གསུམ་དུས་ཁྲོམ་སྐོར་ནང་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུའུ་ཀྲན་ཁྲང་ལགས་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཤའོ་མེའི་ཆིང་ལགས་དང་། ལྕམ་སྐུ་གྲན་ཇེའི་རུའུ། ལྕམ་སྐུ་ཡུའུ་མེའི་ནུའུ། ཐེ་པེ་གྲོང་ཁྱེར་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཇན་ཡུས་ཨན་སོགས་ཕེབས་ནས། བོད་མིར་གདུང་སེམས་མཉམ་སྐྱེ་དང་། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་གུས་འདུད་དང་། བོད་དོན་འཐབ་རྩོད་མུ་མཐུད་འགྲོ་དགོས་པས་རྩ་ཆེའི་ལུས་སྲོག་གཅེས་འཛིན་གྱིས་རང་ལུས་མེར་སྲེག་མཚམས་འཇོག་གི་འབོད་སྐུལ། བོད་དོན་ཐོག་མུ་མཐུད་དོ་སྣང་དང་རྒྱབ་སྐྱོར་གནང་རྒྱུ་སོགས་ཀྱི་གསུང་བཤད་གནང་ཡོད། གྲོས་ཚོགས་འཐུས་མི་རྣམ་པས་དབུས་ཁྱོན་མི་གྲངས་ ༡༥༠༠ བརྒལ་བས་ཁྲོམ་སྐོར་ནང་མཉམ་ཞུགས་གནང་། སོ་གོ་ཚོང་ཁང་མདུན་ཐང་ནས་ཁང་ཆེན་མཐོ་ཤོས་ ༡༠༡ ཐོག་བརྩེགས་བར་གོམ་བགྲོད་གནང་ཞིང་། གོམ་བགྲོད་ཀྱི་བང་རིམ་མདུན་ཤོས་སུ་སྣུམ་འཁོར་གསུམ་ཐོག་བོད་ཀྱི་རྒྱལ་དར་དང་། བོད་མིས་རང་ལུས་མེར་སྲེག་བཏང་བའི་འདྲ་པར་སོགས་སྦྱར་ཡོད། དེ་རྗེས་གསུམ་དུས་ཐེངས་ ༥༤ ཕྲེད་དར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་།
བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐུ་པར་བཅས་ཀྱི་མཇུག་ཏུ། བོད་ནང་བོད་མི་ ༡༠༧ དང་། རྒྱ་གར་དང་བལ་ཡུལ་ནང་བོད་མི་གསུམ་བཅས་ཁྱོན་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ ༡༡༠ སྣང་བརྙན་མི་གྲངས་ ༡༡༠ ཡིས་ལག་ཐོག་འཁྱེར་བའི་རྒྱབ་ཏུ་བོད་ཀྱི་རྒྱལ་དར་ཆེན་པོ་བཅས་དང་། དེའི་རྒྱབ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་འབོད་ཚིག་སོགས་ཀྱི་ཕྲེད་དར་སྣ་ཚོགས་འཁྱེར་ཡོད་པ་རེད། རྔམ་སྟོན་ཁྲོམ་སྐོར་བྱེད་པའི་ལམ་བར་ཆུ་ཚོད་ ༣ དང་སྐར་མ་ ༡༠ ཐོག་སླེབས་དུས། གོམ་བགྲོད་པ་ཡོངས་ཀྱིས་སྐར་མ་ ༡ དང་སྐར་ཆ་ ༡༠ རིང་ས་ཐོག་ཉལ་ནས་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་དཔའ་བོ་དཔའ་མོ་ ༡༡༠ ལ་མྱ་ངན་གུས་འདུད་མཚོན་པར་ཞུས། མཐའ་མ་ཁང་བརྩེགས་མཐོ་ཤོས་མདུན་འབྱོར་རྗེས་གོ་སྒྲིག་གནང་མཁན་གྱིས་ཁྲོམ་སྐོར་ནང་ཞུགས་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ་དུས་དྲན་མཇུག་སྒྲིལ་གནང་།
གཞན་ཡང་དེ་ཉིན་ཧོང་ཀོང་ནང་བོད་རྒྱ་ཚོགས་པ་ནས་བོད་ཀྱི་རྒྱལ་དར་འཁྱེར་ནས་ལམ་གཞུང་ཐོག་འགྲོ་བསྐྱོད་དང་ཡིག་ཆ་བཀྲམ་པ་སོགས་བོད་མིར་རྒྱབ་སྐྱོར་གྱི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་འདུག་པ་བཅས། །