༢༠༡༣ ཟླ་ ༣ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ རེས་གཟའ་ཉི་མའི་ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། བོད་བརྒྱུད་ནང་བསྟན་རྗེས་འབྲང་པ་བཅས་འདུ་འཛོམས་ཐོག་གསུམ་བཅུའི་དུས་དྲན་ཐེངས་ང་བཞི་པ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་བདེན་ཚིག་སྨོན་ལམ་གསུང་འདོན་གནང་རྗེས། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་རྗེས་དྲན་ཞུས་གྲུབ་མཚམས་རྒྱལ་ས་མོ་སི་ཀོར་རྟེན་གཞི་བྱས་པའི་བོད་ཁང་འགན་འཛིན་གཞོན་པ་ལྕམ་སྐུ་ན་དི་ཡ་བྷར་ཀན་ཇིམ་ (Mrs. Nadya Berkengeym) ལགས་ཀྱིས་ངོ་སྤྲོད་གསུང་བཤད་དང་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་ཡོད།
དེ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གསུམ་དུས་གསུང་བཤད་ཨུ་རུ་སུའི་སྐད་ཡིག་ནང་ཡོད་པ་དེ་སྒྲོགས་སྦྱང་གནང་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་དངོས་བྱུང་གློག་བརྙན་རྒྱ་ནག་གཞུང་གིས་བོད་ནང་གང་བྱེད་བཞིན་ཡོད་དམ། “What’s China doing in Tibet ?” ཞེས་པ་དང་། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་དོན་ཅི་ཡིན་ནམ། “The Burning Question – Why are Tibetans Turning to Self-immolation?” ཞེས་པ་རྣམས་བསྟན་ཡོད་པ་མ་ཟད། གློག་བརྙན་དེ་དག་ཨུ་རུ་སུའི་སྐད་ཡིག་ནང་ཕབ་བསྒྱུར་ཞུས་ཡོད། གློག་བརྙན་བསྟན་གྲུབ་་རྗེས་དུས་དྲན་དུ་བཅར་བ་ཁག་གཅིག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དོགས་དྲི་ཁག་ལ་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་ཀྱིས་ལན་འདེབས་གནང་ཡོད། དེ་བཞིན་སྤྲིན་དཀར་རིག་གཞུང་གཅེས་སྐྱོང་ཁང་ (White Cloud Culture Center) དུ་བོད་ནང་གི་གནས་སྟངས་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་པར་རིགས་འགྲེམས་སྟོན་ཞིག་ཀྱང་གོ་སྒྲིག་གནང་ཡོད།
ཕྱོགས་མཚུངས་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ (Kalmyk Republic) ཏུའང་བོད་ཀྱི་གྲོགས་པོའི་མཐུན་ཚོགས་ (Friends of Tibet Society) དང། བོད་མི། དེ་བཞིན་ནང་པ་ཁག་གཅིག་བཅས་ཀྱིས་གསུམ་དུས་ཐེངས་ང་བཞི་པ་སྲུང་བརྩི་ཞུས་ཡོད། སྔ་དྲོ་ཐོག་མར་ནང་པའི་ལྷ་ཁང་དུ་སྨོན་ལམ་གསུང་འདོན་གནང་། དེ་རྗེས་རྒྱལ་ས་ཨི་ལི་སི་ཏའི་ (Elista) ནང་དུ་ལས་འགུལ་བ་རྣམས་ཀྱིས་བོད་མི་རང་ལུས་མེར་སྲེག་གཏོང་གནང་མཁན་ ༡༠༧ གི་འདྲ་པར་ཐོགས་ནས་ཞི་རྒོལ་གནང་ཡོད། སྐབས་དེར་བོད་ཀྱི་གྲོགས་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ཨན་ཊོ་ནི་ན་ཀོ་ཀུ་ཝ་ (Mrs. Antonina Kookueva) མཆོག་གིས་བོད་ནང་གི་དེང་སྐབས་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བ་དང་སྦྲགས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གསུམ་དུས་གསུང་བཤད་སྒྲོགས་སྦྱང་གནང་བ་མ་ཟད། བོད་དོན་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ས་རྟགས་འདུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད།
དེ་བཞིན་ཐུ་ཝ་སྤྱི་མཐུན་རྒྱལ་ཁབ་ཏུའང་གསུམ་དུས་ང་བཞི་པ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་འདུག་པ་བཅས།།