༢༠༡༣ ཟླ་ ༣ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་ (Nancy Pelosi)མཆོག་གིས་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ང་བཞིའི་ཐོག་ཕྱི་ཚེས་ ༨ ཉིན་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན།
བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ལྔ་བཞིའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཆེད་རང་སྲོག་བློས་གཏོང་གནང་མཁན་བོད་མི་དཔའ་བོ་དཔའ་མོ་རྣམས་ལ་ང་ཚོས་རྗེས་དྲན་གུས་འདུད་ཞུ་རྒྱུ་ཡིན། བོད་ནང་རྒྱ་མིའི་དམག་མི་ཇེ་མང་དང་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པ་སོགས་གནས་སྟངས་ཧ་ཅང་ཛ་དྲག་ཏུ་འགྱུར་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་སེལ་ཏེ་ཆོས་དད་རང་དབང་ལ་དམ་བསྒྲགས་མཚམས་འཇོག་དགོས།
དེ་རིང་ང་རང་སྤོབས་པ་སྐྱེས་འོས་པ་ཞིག་ནི། རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་སྟབས་བསྟུན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀེ་རི་མཆོག་(Secretary of State John Kerry) དང་ལྕམ་སྐུ་མེ་ཤལ་ཨོ་བྷ་མ་ (First Lady Michelle Obama) མཆོག་གིས། ཕྱི་ལོ་ ༢༠༡༣ ལོའི་རྒྱལ་སྤྱིའི་དཔའ་མཛངས་ལྡན་པའི་བུད་མེད་ཀྱི་གཟེངས་རྟགས་འདི་བཞིན་བོད་པའི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་གནང་རྒྱུ་ཡིན་ཞིང་། དེ་ནི་ཚེ་རིང་འོད་ཟེར་ལགས་ཀྱིས་དྲ་རྒྱའི་ཐོག་ཆེད་རྩོམ་བརྒྱུད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་ལག་བསྟར་ཇི་བྱས་ཀྱི་གནས་སྟངས་རྣམས་རྒྱ་ནག་སྐམ་ས་དང་རྒྱལ་སྤྱིའི་ཐོག་སྤེལ་བ་མ་ཟད། བོད་རིགས་དང་རྒྱ་ནག་ཧན་མི་རིགས་དབར་འཆམ་མཐུན་བསྐྲུན་ཐབས་བྱས་པ་སོགས་ལ་ངོས་འཛིན་གྱིས་ཐེངས་འདིར་གཟེངས་རྟགས་གནང་རྒྱུ་ཡིན།
ཐེངས་འདིར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ལ་གཟེངས་རྟགས་ཆེད་བདམས་པ་འདི་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྒྱལ་སྤྱིས་སེམས་འཚབ་ཡོད་པའི་རྣམ་པ་ཤུགས་ཆེ་བཏོན་པ་ཞིག་ཆགས་ཡོད། བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་འཛམ་གླིང་སྤྱིར་བཟང་སྤྱོད་ཀྱི་འགན་ཡོད། ང་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ལམ་སྟོན་བཀའ་སློབ་ལ་དོ་སྣང་ཞུས་དགོས་པ་མ་ཟད། བོད་མི་རིགས་དང་བོད་མིའི་འཐབ་རྩོད་ནམ་ཡང་བརྗེད་མི་རུང། ཞེས་འཁོད་ཡོད་པ་བཅས།།