༢༠༡༣ ཟླ་ ༣ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༧ རེས་གཟའ་ཕུར་བུའི་ཉིན་ཀིརྟི་རིན་པོ་ཆེ་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ ( European Parliament`s Human rights subcommittee) ཕེབས་ཏེ། བོད་མིའི་བདེན་པའི་འཐབ་རྩོད་སྤྱི་དང་ལྷག་པར་དེང་སྐབས་རྔ་པ་ཀིརྟི་དགོན་པ་གཙོ་བོར་གྱུར་བའི་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཧ་ཅང་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ཛ་དྲག་གི་གནས་སྟངས་ལས་མྱུར་དུ་སྐྱོབ་ཆེད་རྒྱབ་སྐྱོར་གནང་རོགས། ཞེས་འབོད་སྐུལ་ཤུགས་ཆེ་ཞུས་ཡོད།
སྐབས་དེར་རིན་པོ་ཆེ་མཆོག་གིས་བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་གཏོང་དགོས་པ་མ་ཟད། བོད་ནང་ཕྱི་རྒྱལ་དང་རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་འགོད་པ་གཏོང་དགོས། དེ་བཞིན་རྒྱ་མིའི་དམག་མི་རྣམས་ཕྱིར་འཐེན་གྱིས་བོད་ལ་རང་དབང་བསྐྱར་གསོ་ཡོང་ཆེད་རྒྱབ་སྐྱོར་གྱི་རེ་འདུན་བཏོན་ཡོད། ལྷག་པར་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༥༩ སྔོན་རྒྱ་དམར་གྱིས་བོད་དུ་བཙན་འཛུལ་མ་བྱས་གོང་བོད་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པའི་ཁུངས་ལྡན་ལོ་རྒྱུས་དེར་འཁྱོག་བཤད་ཇི་ཙམ་བྱས་ཀྱང་སུབ་ཐབས་རྩ་བ་ནས་མེད་སྐོར་གསལ་བཤད་གནང། གཞན་ཡང་སྐབས་དེར་ལྷན་ཚོགས་ཀྱི་གཙོ་སྐྱོང་བ་ཇར་མན་ལྗང་ཁུ་ཚོགས་པའི་ (Green party) ཚོགས་མི་སྐུ་ཞབས་བྷར་བྷ་ར་ལོ་ཆི་བྷི་ལར་ (Barbara Lochbihler) མཆོག་གིས་ཡུ་རོབ་གྲོས་ཚོགས་ནང་བོད་ནང་གི་གནས་སྟངས་ཐོག་བགྲོ་གླེང་ཡང་ཡང་བྱེད་ཀྱི་ཡོད་སྐོར་གསལ་བཤད་ཞུས་ཡོད་པ་བཅས།།