༢༠༡༣ ཟླ་ ༣ ཚེས་ ༧ རེས་གཟའ་ཕུར་བུ།
༢༠༡༣ ཟླ་ ༣ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༦ ནས་ཚེས་ ༡༦ བར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་དྭགས་བསོད་ནམས་གླིང་ཁྱབ་ཁོངས་བྱང་ཐང་ས་གནས་ཁག་དགུར་གཞུང་འབྲེལ་འཚམས་གཟིགས་ཆེད་ཕྱོགས་ཕེབས་གནང་འདུག
དེ་ཡང་བཀའ་བློན་མཆོག་ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོ་རྡ་ས་ནས་ལྡི་ལིར་ཕེབས་འབྱོར་གྱིས་ཕྱི་ཚེས་ ༦ ལྡི་ལིར་མི་སྣ་མཇལ་འཕྲད་དང་། ཕྱི་ཚེས་ ༧ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་སླེ་རུ་ཕེབས་འབྱོར་རྗེས་བྱང་ཐང་རྒོད་ཡུལ་དུ་ཕེབས་འབྱོར་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༨ ཉིན་ལ་དྭགས་རྒོད་ཡུལ་དང་། བྱང་ཐང་བཀག་གཞུང་མི་མང་ལ་ཐུག་འཕྲད་ཚོགས་འདུ་གྲུབ་མཚམས་བྱང་ཐང་ཧན་ལེར་ཕེབས་ཐོན་གནང་རྒྱུ་དང། ཕྱི་ཚེས་ ༩ ཉིན་ལ་དྭགས་བྱང་ཐང་ཧན་ལེ་དང་། བྱང་ཐང་ཉི་མར་མི་མང་དང་སློབ་ཕྲུག་ཐུག་འཕྲད། དེ་བཞིན་ཚོགས་འདུ་གྲུབ་རྗེས་བྱང་ཐང་གསུམ་མདོར་ཕེབས་ཐོན་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༠ ཉིན་བྱང་ཐང་གསུམ་མདོའི་མི་མང་དང་ཐུག་འཕྲད་ཀྱི་ཚོགས་འདུ་གྲུབ་མཚམས་བྱང་ཐང་ས་སྨད་དུ་ཕེབས་འབྱོར་གྱིས་ཕྱི་ཚེས་ ༡༡ ཉིན་བྱང་ཐང་ས་སྨད་མི་མང་དང་ཐུག་འཕྲད་ཀྱི་ཚོགས་འདུ་གྲུབ་རྗེས་སླེ་རུ་ཕྱིར་ལོག་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༢ ཉིན་སླེ་ནས་བྱང་ཐང་ཆུ་ཤུལ་དུ་ཕེབས་ཐོན་གྱིས་མི་མང་དང་ཐུག་འཕྲད་རྗེས་སླེ་རུ་ཕྱིར་ལོག་གནང་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་སྔ་དྲོ་ལ་དྭགས་སླེ་ཁུལ་མི་མང་དང་ཚོགས་ཆེན་གནང་གྲུབ་མཚམས་ཕྱི་དྲོ་སླེ་ཁུལ་གྱི་ས་གནས་དཔོན་རིགས་ཁག་གཅིག་དང་ཐུག་འཕྲད་གནང་རྒྱུ། ཕྱི་ཚེས་ ༡༤ ཉིན་སླེ་ནས་ཇ་མུ་བརྒྱུད་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས། །