༢༠༡༣ ཟླ་ ༣ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་རི་ཆ་ཌི་གྷེར་ལགས་ནས་ (Richard Gere) ད་བར་ཁོང་གིས་བསྡུ་རུབ་གནང་བའི་སྒྲ་སྙན་རྒྱུད་དྲུག་མ་བརྒྱ་ལྷག་ཡོད་པ་རྣམས་ཨ་སྒོར་ས་ཡ་གཅིག་ཙམ་ལ་བཙོང་བའི་ཡོང་འབབ་རྣམས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ཀྱི་དཔལ་འབྱོར་མཐུན་འགྱུར་ཡོང་ཆེད་ཞལ་འདེབས་སུ་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༣ ཉིན་གནས་དོན་དེའི་སྐོར་ཁོང་གིས་གསར་འགྱུར་བརྒྱུད་ལམ་ཁག་གི་བཅར་འདྲིའི་སྐབས་ཞལ་འདེབས་དེ་ལྟར་གནང་སྐོར་གསུང་དོན། སྤྱིར་བཏང་ཨ་རི་དང་རྒྱ་ནག་གཉིས་དཔལ་འབྱོར་གྱི་འབྲེལ་བ་ཡོད་པའི་ཆ་ནས་གཅིག་ལ་གཅིག་རྟེན་ཐོག་གནས་ཡོད་ཀྱང་། འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ལ་ཁྲིམས་ཀྱི་དབང་སྒྱུར་ཡོང་ཆེད་འཛམ་གླིང་རྒྱལ་ཁབ་དང་མི་སྒེར་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས། རྒྱ་ནག་གཞུང་ནི་རྒྱལ་ཁབ་དང་སྤྱི་ཚོགས་དབར་དབྱེ་འབྱེད་དང་འགལ་ཟླ་བཟོ་རྒྱུར་ཐབས་ཤེས་མཁས་པོ་ཡོད་སྟབས། ང་ཚོ་ཚང་མས་ཡིད་གཟབ་དང་དོ་སྣང་ཆེར་བསྐྱེད་བྱེད་དགོས་པ་ཞིག་ཆགས་ཡོད། ངོས་རང་ཉིད་ལ་དུས་ད་ལྟ་བར་དུ་མི་སྣ་གང་ཞིག་ཐུག་ཀྱང་བོད་དོན་ལ་རྒྱབ་སྐྱོར་དང་རྒྱ་ནག་མི་དམངས་ཀྱི་གནས་སྟངས་ལ་སེམས་འཚབ་བྱེད་མཁན་ཤ་སྟག་ཐུག་བྱུང་། རྒྱ་ནག་གཞུང་གིས་ཁྲིམས་སྐུལ་དྲག་སྤྱོད་ལྟ་བུའི་བྱ་སྤྱོད་བྱེད་བཞིན་ཡིན་པར་བརྟེན། དགྲ་བོ་དངོས་གནས་རྒྱ་ནག་དམར་པོའི་གཞུང་ཆགས་ཡོད་སྐོར་ལན་འདེབས་གནང་འདུག་པ་བཅས། །